གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

འབྲུག་གི་བཙག་འཐུ་ལྷན་ཚོགས་འདི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་ཚུད་དེ་ཡོདཔ་སྦེ་ཨིནམ།

སྤྱི་ཟླ་༡༠ པའི་ཚེས་ ༡༦ ༢༠༡༨

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་འཁྲིལ་བ་ཅིན་ ཁོང་ཆ་ཁྱབ་ གཟའ་པ་སངས་ཀྱི་ཚེས་ འགོ་འདྲེན་འཐབ་ནི་སྦེ་ཡོད་མི་ སྤྱི་ཚོགས་༣པའི་རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་གི་དོན་ལུ་ གྲ་སྒྲིག་ཚུད་དེ་ཡོདཔ་སྦེ་ཨིན་མས།

བཙག་འཐུ་ལྷན་ཚོགས་ནང་ལས་ བརྡ་བརྒྱུད་མགྲིན་ཚབ་བསོད་ནམས་སྟོབས་རྒྱས་ཀྱིས་བཤད་མི་ནང་ བཙག་འཐུའི་འགོ་དཔོན་ཚུ་ལུ་ ཁ་གསོའི་སྦྱོང་བརྡར་ཚུ་བྱིན་ཚར་ཏེ་ཡོདཔ་ལས་ ཁོང་ཆ་ཁྱབ་ ཚོགས་རྒྱན་བཙུགས་སའི་ས་སྒོ་ཚུ་ནང་ལས་ཕར་ མགྱོགས་པ་རང་བཏང་ནི་སྦེ་ཡོད་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ བཙག་འཐུ་འདི་གི་དོན་ལུ་ ཆུ་ཚོད་༤༨ཀྱི་རིང་ བསྐུལ་བསྒྲགས་འབད་ཐག་མ་ཆོག་པའི་ དུས་ཡུན་འདི་ཡང་ ནངས་པ་དྲོ་པ་ཆུ་ཚོད་༩ལས་ འགོ་བཙུགསཔ་ཨིན་ཟེར་བཤད་ཅི།

འདི་འབདཝ་ལས་ དུས་ཚོད་འདི་གི་སྐབས་ལུ་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ག་གིས་རང་འབད་རུང་ བསྐུལ་བསྒྲགས་ཚུ་འབད་ནི་གི་ གོ་སྐབས་མེདཔ་ཨིན་མས།

གཟའ་པ་སངས་ཀྱི་ཚེས་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ཁྱད་ཚད་ལྡན་པའི་མི་ངོམ་འབུམ་༣ལྷགཔ་ཅིག་གིས་ ཚོགས་རྒྱན་ཚུ་བསྐྱུར་ཚུགས་པའི་རེ་བ་འདུག

ད་རེས་ཀྱི་བཙག་འཐུའི་དོན་ལུ་ རྒྱལ་ཁབ་ནང་འཁོད་ ཚོགས་རྒྱན་ས་ཁོངས་༨༦༥ཡོདཔ་ད་ འདི་ཚུ་གི་ནང་ལས་ཕར་ སྲུང་སྐྱོབ་འགོ་དཔོན་ཚུ་རྩིས་ཏེ་ བཙག་འཐུ་འགོ་དཔོན་སྟོང་ཕྲག་༥ལྷགཔ་ཅིག་ འོང་ནི་ཨིན་མས།

རྒྱལ་ཁབ་ནང་ལུ་ མི་འབུམ་༤དང་སྟོང་ཕྲག་༤༠དེ་ཅིག་གིས་ ཚོགས་རྒྱན་བསྐྱུར་ནི་སྦེ་ ཐོ་བཀོད་འབད་དེ་ཡོད་ས་ལས་ ཡུདཔ་ཅིག་ འབུམ་༡དང་སྟོང་ཕྲག་༣༤དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བསྐྱུར་ནི་སྦེ་ གདམ་ཁ་རྐྱབ་སྟེ་འདུག