ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ འཕྲོག་བཅོམ་འབད་ཡོད་པའི་དོགས་པ་ལུ་བརྟེན་ སློབ་ཕྲུག་༥བཟུང་ཡོདཔ།
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ འཕྲོག་བཅོམ་ཁག་ལེ་ཤ་ཅིག་རང་ འབད་དེ་ཡོད་པའི་དོགས་པ་ལས་བརྟེན་ཏེ་ འདས་པའི་བདུན་ཕྲག་གི་ གཟའ་སྤེནམ་ལུ་ སློབ་ཕྲུག་༥བཟུང་ནུག
བྱ་ངན་འདི་ཡང་ ཐིམ་ཕུག་ མཁའ་ས་གྲབ་ཆུ་ལུ་ ཕྱི་རུ་ཆུ་ཚོད་ཕྱེད་ད་༨དེ་ཅིག་ཁར་ བྱུང་ཡོདཔ་ད་ དོགས་པ་ཅན་ཚུ་ཡང་ དེ་ཚེ་ཕྱི་རུ་རང་ བདའ་ཟུན་ནུག
སྐྱེས་ལོ་༡༣ལས་༡༨ཀྱི་བར་ན་འབད་མི་ དོགས་པ་ཅན་སློབ་ཕྲུག་བུཚུ་༥གིས་ སྐྱེས་ལོ་༤༢ལང་མི་ ཕོ་སྐྱེས་གཅིག་གི་ ཏི་རུ་དང་འགྲུལ་འཕྲིན་ དེ་ལས་ སྣུམ་འཁོར་གྱི་ལྡེ་མིག་ཚུ་ འཕྲོག་བཅོམ་འབད་ཡོདཔ་སྦེ་ཨིན་མས།
ཁྲིམས་སྲུང་འགག་པ་དང་འཁྲིལ་བ་ཅིན་ ཉམས་རྒུདཔ་ཕོ་སྐྱེས་འདི་ དེ་བསྒང་ སྣུམ་འཁོར་ནང་སྡོད་པའི་སྐབས་ དོགས་པ་ཅན་ཨ་ལུ་ཚུ་གིས་ སྣུམ་འཁོར་གྱི་ཤེལ་དཀྲུམས་བཏང་པའི་ཤུལ་མ་ ཕྱི་ཁར་འཐོན་བལྟ་བའི་སྐབས་ འཕྲོག་བཅོམ་འབད་ནུག་ཟེར་ཨིན་མས།
ཁྲིམས་སྲུང་འགག་པ་ཚུ་གིས་ དྲི་དཔྱད་འབད་བའི་སྐབས་ ཁོང་དོགས་པ་ཅན་ཚུ་གིས་ ས་སྒོ་འདི་ནང་ལུ་ འདི་བཟུམ་གྱི་བྱ་ངན་འདི་ ཚར་གསུམ་དེ་ཅིག་རང་ འབད་དེ་ཡོདཔ་སྦེ་ ཁ་བཟེད་དེ་འདུག
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ འདི་བཟུམ་གྱི་འཕྲོག་བཅོམ་འབད་ཡོད་པའི་སྐོར་ལས་ སྙན་ཞུ་འགོ་དང་པ་རང་ ན་ཧིང་ སྤྱི་ཟླ་༥པའི་ནང་ལུ་ ཐོབ་པའི་ཤུལ་མ་ ད་ལྟོ་ཚུན་ཚོད་ སྙན་ཞུ་ཁག་༤ལྷོད་དེ་ཡོདཔ་ཨིན་རུང་ གནད་དོན་ལ་ལུ་ཅིག་ སྙན་ཞུ་མ་འབད་བར་ ལུས་ལུསཔ་འོང་ག་ཡང་ མི་ཤེས་ཟེར་བཤད་ཅི།
ཁྲིམས་སྲུང་འགག་པ་གིས་ མི་ཚུ་གིས་ དམིགས་བསལ་གྱིས་ནམ་ཕྱི་རུ་ མི་མེད་སའི་ས་སྒོ་ནང་ལུ་འགྱོ་ནི་ལས་ འཛེམ་གནང་དགོ་པའི་སྐོར་ལས་ དྲན་གསོ་འབད་དོ་ཡོདཔ་ཨིན་མས།








རྒྱང་བསྒྲགས་དང་མཐུད་འབྲེལ།