གཟའ་མིག་དམར། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༡

ཤེས་རིག་ལྷན་ཁག་གིས་ སློབ་གཉེར་གྲོགས་རམ་ཐོབ་མི་སློབ་ཕྲུག་༣ལུ་ ངོས་ལེན་གྱི་རྟགས་མ་བྱིན་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨

༉ ཤེས་རིག་ལྷན་ཁག་གིས་ ད་རིས་ ཡུ་ཨེསི་དང་རྒྱ་གར་ལུ་ ཤེས་ཡོན་སྦྱང་སྡོད་པའི་སྐབས་ ཁྱད་དུ་འཕགས་པའི་ གྲུབ་འབྲས་བཏོན་ཚུགས་ཏེ་ཡོད་མི་ སློབ་ཕྲུག་༣ལུ་ གསེར་གྱི་རྟགས་མ་བྱིན་ཏེ་འདུག

ངག་དབང་མཚོ་མོ་འདི་ ཤེས་རིག་ལྷན་ཁག་འོག་གི་ ན་ལོན་དང་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༣ལུ་ རྒྱ་གར་ནིའུ་དི་ལི་ལུ་ཡོད་པའི་ འཆར་གཞི་དང་བཟོ་བཀོད་ཀྱི་སློབ་གྲྭ་ནང་ལུ་ ཁྲོམ་སྡེ་འཆར་གཞི་ནང་ གཙུག་ལག་གཞི་རིམ་གྱི་ ཤེས་ཡོན་སྦྱང་པར་བཏང་ནུག

མོ་གིས་ མཐོ་རིམ་སློབ་གྲྭ་འདི་ནང་ལུ་ ཤེས་ཡོན་སྦྱང་སྡོད་པའི་སྐབས་ ཞིབ་འཚོལ་རྩོམ་ཡིག་དྲག་ཤོས་དང་ སློབ་ཕྲུག་དྲག་ཤོས་ཀྱི་ གསེར་ཀྱི་རྟགས་མ་ཚུ་ཐོབ་སྟེ་འདུག

ད་རུང་ མོ་གིས་ མཐོ་རིམ་ལོ་ངོ་མཇུག་གི་ཆོས་རྒྱུགས་ནང་ལས་ ཨང་དང་པ་འཐོན་ཡོད་མི་ལུ་ སྤྱིར་བཏང་མཐར་ཕྱིན་པའི་ གསོལ་རས་ཡང་ ཐོབ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ པདྨ་གཡུ་སྒྲོན་འདི་ཡང་ སྤྱི་ལོ་༢༠༡༤ལུ་ ཡུ་ཨེསི་གི་ཁྲོམ་ཚོགས་ ཨཱལ་པ་སོ་ལུ་ཡོད་པའི་ ཊེཀ་སཱསི་གཙུག་ལག་སློབ་སྡེ་ནང་ལུ་ རྩིས་ཀྱི་གཙུག་ལག་གཞི་རིམ་གྱི་ ཤེས་ཡོན་སྦྱང་པར་བཏང་ནུག

མོ་གིས་ གཙུག་ལག་སློབ་སྡེ་འདི་ནང་ལས་ དུས་ཅི་ སྤྱི་ཟླ་༧པའི་ནང་ལུ་ མཐར་འཁྱོལ་ཡོདཔ་ད་ མོ་གིས་ རྩིས་ཀྱི་ནང་ལུ་ ཤེས་ཡོན་དང་ཞིབ་འཚོལ་དྲག་ཤོས་འཐོན་མི་ལུ་ གཙུག་ལག་སློབ་སྡེ་ནང་ལས་ གསོལ་རས་ཐོབ་སྟེ་འདུག

དེ་ལས་ བསོད་ནམས་ལྷ་མོ་འདི་ཡང་ ཊེཀ་སཱསི་གཙུག་ལག་སློབ་སྡེ་ནང་ལུ་ དངོས་ཁམས་རིག་པའི་ནང་ མཐོ་རིམ་ཤེས་ཡོན་སྦྱང་མི་ཅིག་ཨིནམ་ད་ མོ་གིས་ དངོས་ཁམས་རིག་པའི་ཤེས་ཡོན་དང་ ཞིབ་འཚོལ་དྲག་ཤོས་འཐོན་མི་ལུ་ ངོས་ལན་ཐོབ་སྟེ་འདུག

གཙུག་ལག་སློབ་སྡེ་དང་གཙུག་སྡེ་ཚུ་གི་ནང་ལས་ ད་རེས་ རྟགས་མ་ཐོབ་མི་ ཁོང་གསུམ་རྩིསཝ་ད་ ད་ལྟོ་ཚུན་ཚོད་ སློབ་གཉེར་གྲོགས་རམ་ཐོབ་མི་སློབ་ཕྲུག་༡༣གྱིས་ ངོས་ལེན་གྱི་རྟགས་མ་ཚུ་ ཐོབ་སྟེ་ཡོདཔ་ཨིན་མས།