གཟའ་མིག་དམར། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༡

ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་སྒྲིང་ཁྱིམ་རྐྱབ་ཚར་ནི་གི་ཞག་དུས་འདི་ ཕར་ཕུད་རྐྱབ་སྟེ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨

༉ ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ་རྐྱབ་འཕྲོ་སྦེ་ཡོད་མི་གཉིསཔོ་འདི་ ད་རེས་ཀྱི་ཟླཝ་ནང་ལུ་ བསྒྲུབ་དགོཔ་ཅིག་ཨིན་རུང་ དུས་ཅི་ སྤྱི་ཟླ་༡༢པ་ཚུན་ཚོད་ལུ་ ཕར་ཕུད་རྐྱབ་སྟེ་འདུག

སྤྱི་ལོ་༢༠༡༡ལས་འགོ་བཙུགས་ཡོད་པའི་ བཟོ་བསྐྲུན་གྱི་ལཱ་འདི་ སྤྱི་ལོ་༢༠༡༣ལུ་ མཇུག་བསྡུ་དགོཔ་ཅིག་སྦེ་སྡོད་ཡོདཔ་ཨིན་རུང་ ཞག་དུས་ལས་ ཚར་ལེ་ཤ་ཅིག་རང་ འབྱིད་སོང་སྟེ་འདུག

ད་རེས་ སྒྲིང་ཁྱིམ་རྐྱབ་ནི་གི་ལཱ་འདི་ ཀེ་སི་ཨར་བཟོ་བསྐྲུན་ལས་སྡེ་གིས་ སྤྱི་ལོ་༢༠༡༤ལས་རྩིས་ལེན་ཏེ་ ལཱ་འབད་བའི་བསྒང་རང་ཡོདཔ་ད་ ལས་སྡེ་འདི་གིས་བཀོད་མི་ནང་ ལཱ་འདི་ཡང་ མ་དངུལ་དང་ལཱཔ་མ་ལང་པའི་དཀའ་ངལ་ཚུ་ལས་བརྟེན་ཏེ་ ཕྱི་སོང་སྟེ་ཡོདཔ་སྦེ་ཨིན་མས།

ལས་སྡེ་འདི་གི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀུན་བཟང་ནོར་བུ་གིས་སླབ་མི་ནང་ ད་རེས་ཀྱི་ལས་འགུལ་འདི་ མི་དམངས་དང་སྒེར་སྡེ་མཉམ་འབྲེལ་གྱི་ལས་འགུལ་ འགོ་དང་པ་ཅིག་འབདཝ་ལས་ གཙོ་བོ་རང་ མི་དམངས་དང་སྒེར་སྡེ་མཉམ་འབྲེལ་གྱི་ སྲིད་བྱུས་དང་ལམ་ལུགས་ དེ་ལས་ སྒྲིག་གཞི་ཚུ་མེད་མི་ལུ་བརྟེན་ ལག་ལེན་གྱི་ནང་ལུ་ སྟབས་མ་བདེཝ་འཐོན་ཏེ་ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་བཤད་མི་ནང་ སྒྲིང་ཁྱིམ་གྱི་བཟོ་བཀོད་ནང་ལུ་ དམིགས་བསལ་གྱི་ བསྒྱུར་བ་འབད་དགོཔ་འཐོན་ཡོདཔ་ལས་ ཡུན་འགྱངས་སྦེ་ ལུས་སོང་ཡི་ཟེར་ཨིན་མས།

འདི་ལུ་ ཁྲོམ་སྡེ་འགོ་དཔོན་ཚུ་གིས་བཀོད་མི་ནང་ བཟོ་བསྐྲུན་ལས་སྡེ་འདི་གིས་ ལས་འགུལ་འདི་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ཡོད་མི་ལུ་ ག་དེ་སྦེ་འབདན་ན་གི་ཐད་ཁར་ ཁོང་གི་ཁ་ཐུག་ལས་ གྲོས་ཐག་མ་བཅད་པར་ཡོད་ཟེར་བཤད་ཅི།

ད་རེས་ ཁྲོམ་སྡེ་ཡིག་ཚང་གི་སྦོ་ལོགས་ཁར་ཡོད་པའི་ སྒྲིང་ཁྱིམ་རྐྱབ་ནི་གི་ལཱ་འདི་ བརྒྱ་ཆ་༩༠གི་རྩིས་ མཇུག་བསྡུ་སྟེ་ཡོདཔ་ད་ ཟངས་མདོག་དཔལ་རི་སྒྲིང་ཁྱིམ་གྱི་རྩ་བར་ཡོད་པའི་ མཐུན་རྐྱེན་འདི་ཡང་ བརྒྱ་ཆ་༨༠དེ་ཅིག་ བསྒྲུབ་སྟེ་ཡོདཔ་སྦེ་ཨིན་མས།

ཟད་འགྲོ་དངུལ་ཀྲམ་ས་ཡ་༨༠༠ལྷགཔ་ཅིག་གནས་པའི་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ་གཉིསཔོ་འདི་བསྒྲུབ་པའི་བསྒང་ལས མཐུན་རྐྱེན་འདི་ནང་ལུ་ སྣུམ་འཁོར་༥༠༠ལྷགཔ་ཅིག་ ཤོང་ཚུགས་ནི་ཨིན་མས།