གཟའ་མིག་དམར། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༡

ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཉུང་ཤོས་རང་བློན་པོ་གསུམ་བཀལ་ནི།

སྤྱི་ཟླ་༩ པའི་ཚེས་ ༢༧ ༢༠༡༨

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་སླབ་མི་ནང་ ཤུལ་མའི་ཟླཝ་ནང་འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ནང་ལས་ ཁོང་གི་ཚོགས་པ་འདི་ བཙག་འཐུ་གྲུབ་པ་ཅིན་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཉུང་ཤོས་རང་ བློན་པོ་གསུམ་བཀལ་འོང་ཟེར་ཨིན་མས།

འདི་ཡང་ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་གྱི་མི་སེར་ཚུ་དང་ཅིག་ཁར་འཕྱད་པའི་སྐབས་ འགོ་ཐོག་བཙག་འཐུའི་ནང་ལས་ ཤར་ཕྱོགས་རྫོང་ཁག་དྲུག་གི་ འདེམས་ཁོངས་༡༧ ཡོད་ས་ལས་ འདེམས་ཁོངས་གཅིག་ནང་ལས་རྐྱངམ་ཅིག་ ཚོགས་རྒྱན་གྱི་གྱངས་ཁ་ མཐོ་ཤོས་ཐོབ་ཡོདཔ་ལས་ ཚ་འགྱང་ཡོདཔ་སྦེ་བཤད་ནུག

འདི་འབདཝ་ལས་ ཚོགས་པའི་གཙོ་འཛིན་གྱིས་སླབ་མི་ནང་ ད་རེས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ཡང་ གནས་སྟངས་འདི་ ཅོག་རང་ཐདཔ་སྦེ་ཐོན་པ་ཅིན་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ བློན་པོ་གཅིག་ཡང་མི་འོང་ཟེར་ཨིན་མས།

ཚོགས་པ་འདི་གིས་ རྒྱལ་ཁབ་ནང་འཁོད་ཀྱི་རྒེད་འོག་ག་རའི་ནང་ལུ་ གསོ་བའི་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་སྦེ་ཁས་བླངས་འབད་དེ་ཡོད་པའི་ཁར་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་གི་དོན་ལས་ སོ་ནམ་ས་ཞིང་གི་ལས་སྣ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ ཁས་བླངས་འབད་དེ་ཡོདཔ་ཨིན།

འདི་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ ཁ་ཙ་ གླང་ཅན་ཕུག་དང་ཕུན་ཚོགས་ཐང་རྒེད་འོག་ནང་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ ས་གནས་འདི་ནང་གི་མི་སེར་ཚུ་ལུ་ ཞིང་ཆུ་དང་འཐུང་ཆུ་ཚུ་ ག་དེ་དྲག་དྲག་ གཏན་ཏོག་ཏོ་སྦེ་བཀྲམ་སྤེལ་འབད་འོང་ཟེར་ ཁས་བླངས་འབད་ཡོདཔ་ཨིན།