སྐྱེད་ཉུང་སུ་ཡོད་པའི་ སོ་ནམ་དངུལ་ཁང་གཞི་བཙུགས་འབད་ནི།
སྤྱི་ཟླ་༩ པའི་ཚེས་ ༢༧ ༢༠༡༨
༉ ད་རིས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ རྩི་རང་ གསེར་གྱི་ཐང་རྩི་རང་སྟོད་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་གཅིག་ཁར་འཕྱད་པའི་སྐབས་ ག་དེ་ཅིག་སྦེ་ ཁོང་གི་ཚོགས་པ་འདི་བཙག་འཐུ་གྲུབ་པ་ཅིན་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་འདི་ མེདཔ་སྦེ་བཟོ་ནི་གི་འཆར་གཞི་ཡོད་ཟེར་ཨིན་མས།
འདི་ཡང་ ཚོགས་པ་གིས་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་གྱི་ཚབ་སྦེ་ སྐྱིན་འགྲུལ་གྱི་སྐྱེད་ཉུང་སུ་ཡོད་པའི་ སོ་ནམ་དངུལ་ཁང་ཚུ་ གཞི་བཙུགས་འབད་འོང་ཟེར་ཨིན་མས།
ད་རུང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ རྩི་རང་འདི་ སོ་ནམ་གྱི་ཐོན་སྐྱེད་ རྒྱ་ཆེཝ་སྦེ་ཡོད་པའི་ རྫོང་ཁག་ཅིག་ཨིནམ་ལས་ ཚོགས་པའི་དམིགས་ཡུལ་ སྤྱི་ལོ་༢༠༢༥ ལུ་ རང་མགོ་རང་འདྲོངས་གྲུབ་ཚུགསཔ་སྦེ་འབད་ནིའི་ དམིགས་གཏད་གྲུབ་ནི་ལུ་ འོས་འབབ་སྦོམ་སྦེ་རང་ཡོད་ཟེར་ཨིན་མས།
ད་རུང་ ཚོགས་པ་འདི་གིས་ རང་མགོ་རང་འདྲོངས་ཀྱི་དམིགས་དོན་འདི་ འཇམ་ཏོང་ཏོ་སྦེ་གྲུབ་ཚུགས་ནི་གི་དོན་ལས་ སྐྱིན་འགྲུལ་འདི་ཁག་ཆེ་ཟེར་ཨིནམ་ད་ འདི་གི་དོན་ལུ་ ཚོགས་པའི་ཁ་ཐུག་ལས་ ཐབས་ལམ་ཚུ་སྒྲིག་སྟེ་ཡོདཔ་སྦེ་ཨིན་མས།
ཚོགས་པའི་གཙོ་འཛིན་གྱིས་སླབ་མི་ནང་ རྩི་རང་རྫོང་ཁག་འདི་ བསིལ་འདྲོད་རན་ཏོག་ཏོ་སྦེ་ཡོདཔ་ལས་ རྫོང་ཁག་འདི་ནང་ལུ་ བལྟ་བཤལཔ་མང་སུ་ཅིག་སྦེ་འོང་ནི་གི་ ཐབས་ལམ་ཚུ་ཡང་ཡོད་ཟེར་བཤད་ཅི།
འདི་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ རྩི་རང་རྫོང་ཁག་ནང་ལུ་ མཐོ་རིམ་སློབ་གྲྭ་ཅིག་ གཞི་བཙུགས་འབད་ནི་སྦེ་ ཁས་བླངས་འབད་དེ་སྦེ་འདུག







རྒྱང་བསྒྲགས་དང་མཐུད་འབྲེལ།