གཟའ་ཟླ་བ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༥

དར་དཀར་ན་གི་མི་སེར་སོ་ནམ་པ་ཚུ་གིས་ ཨ་ལཱན་ཅི་ཚོང་འབྲེལ་འཐབ་ནི་ནང་ ལཱ་ཁག་བཏང་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༤ ༢༠༡༨

༉ དར་དཀར་ན་རྫོང་ཁག་ གེ་སར་གླིང་རྒེད་འོག་གི་ བཀྲིས་ཐང་གཡུས་ཚན་གྱི་མི་སེར་ཚུ་གིས་ ཨ་ལཱན་ཅི་གི་ལཱ་ཚུ་ ཁྱབ་ཆེཝ་སྦེ་རང་འབད་དོ་ཡོད་མི་དང་འབྲེལ་ འོང་འབབ་འདི་ཡང་ དངུལ་ཐོག་འདི་ལས་བརྟེན་ཏེ་སྦེ་ བཟོཝ་ཨིན་མས།

ཨིན་རུང་ མི་སེར་སོ་ནམ་པ་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་བསྐྱེད་དེ་ ཞིང་ཁ་ལས་ཕར་ ཨ་ལཱན་ཅི་ཚུ་ བཙུགས་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་སྦེ་རང་ ཨ་ལཱན་ཅི་གི་གོང་ཚད་འདི་ ལེགས་ཤོམ་སྦེ་ ཐོབ་མི་ཚུགས་པས་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ ཨ་ལཱན་ཅི་གི་ལཱ་འབད་བའི་སྐབས་ དཀའ་ངལ་ངོ་མ་རང་ ཚོང་འབྲེལ་འཐབ་ནི་ནང་འཐོན་དོ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ རིན་བསྡུར་འབད་སའི་ས་སྒོ་ཅིག་ བཙུགས་གནང་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་མས།

བཀྲིས་ཐང་གི་མི་སེར་ལ་ལུ་ཅིག་གིས་ ཨ་ལཱན་ཅི་བཙུགས་ནི་གི་དོན་ལུ་ གཞུང་ས་ཚུ་ གླ་ཁར་ལེན་ཏེ་ཡོདཔ་ཨིན་རུང་ ཁོང་གིས་སླབ་མི་ནང་ ཨ་ལཱན་ཅི་འདི་ བཙོང་ཚུགས་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ལས་ མང་ཤོས་ཅིག་རང་ རྒུད་ཕོགཔ་མས་ཟེར་བཤད་ཅི།

འདི་ལུ་ རྫོང་ཁག་སོ་ནམ་འགོ་དཔོན་ པ་སངས་ཚེ་རིང་གིས་སླབ་མི་ནང་ ཨ་ལཱན་ཅི་གི་གོང་ཚད་ ལེགས་ཤོམ་སྦེ་ཐོབ་ཚུགས་ནི་གི་དོན་ལུ་ ཨ་ལཱན་ཅི་སྐམ་ཐངས་འདི་ཡར་དྲག་བཏང་སྟེ་ སྤུས་ཚད་ཡར་དྲག་བཏང་ནི་སྦེ་ཡོད་ཟེར་བཤད་ཅི།

བཀྲིས་ཐང་གི་མི་སེར་ལ་ལུ་ཅིག་གིས་ ཨ་ལཱན་ཅི་གི་མ་དོ་བར་ ཀི་ཝི་གི་ལཱ་ཚུ་ཡང་ འབད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་རུང་ ཨ་ལཱན་ཅི་བཙོང་པ་ལུ་ ལཱ་ཁག་བཏང་དོ་ཡོད་མི་དང་འབྲེལ་ མི་ཚུ་གིས་ ཀི་ཝི་འདི་ཡང་ ག་དེ་སྦེ་བཙོང་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག