གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

ལྷུན་རྩེ་ལུ་ ས་པག་ཅུ་གི་ ཚོང་འབྲེལ་འཐབ་ནི་ལུ་གདོང་ལན།

སྤྱི་ཟླ་༥ པའི་ཚེས་ ༢༤ ༢༠༡༨

༉ ཤར་ཕྱོགས་རྫོང་ཁག་ནང་ལུ་ཡོད་པའི་ ས་པག་ཅུ་གི་འཕྲུལ་ཁང་ལ་ལུ་ཅིག་ལུ་ ཚོང་འབྲེལ་གྱི་ དཀའ་ངལ་མེད་རུང་ ལ་ལུ་ཅིག་ལུ་ གདོང་ལན་བྱུང་སྟེ་འདུག

ཨིན་རུང་ ཚོང་འབྲེལ་གྱི་ཐད་ཁར་ ཁྱད་པར་དེ་སྦེ་ཆགས་མི་འདི་ཡང་ ཚོང་འབྲེལ་ཐབས་ཐངས་དང་ འཕྲུལ་ཁང་གི་ས་གོ་ དེ་ལས་ ས་པག་ཅུ་གི་སྤུས་ཚད་ ག་ཅི་ལས་བརྟེན་ཨིན་ན་ སླབ་མ་ཤེསཔ་སྦེ་ ཡོདཔ་ཨིན་མས།

ས་པག་ཅུ་གི་ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་མ་ཚུགས་མི་གཅིག་འདི་ ལྷུན་རྩེ་ལུ་ཡོད་པའི་ ཚེ་རིང་ཕུན་ཚོགས་ཀྱི་ འཕྲུལ་ཁང་འདི་ཨིན་མས།

ཁོ་གིས་ ལོ་༣་གྱི་ ཧེ་མ་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་ནང་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༤་ལེན་ཏེ་ གཞི་བཙུགས་འབད་ནུག

ཚེ་རིང་ཕན་ཚོགས་ཀྱིས་སླབ་མི་ནང་ གཞུང་གིས་ གཞུང་གི་བཟོ་བསྐྲུན་ལས་འགུལ་ཚུ་ནང་ལས་ཕར་ ནང་འཁོད་ལས་ཐོན་པའི་ས་པག་ཅུ་ཚུ་ ལག་ལེན་འཐབ་དགོ་པའི་ བཀོད་རྒྱ་བཏོན་ཏེ་ཡོད་རུང་ ཁག་འབགཔ་ཚུ་གིས་ ད་ལྟོ་ཡང་ ས་པག་ཅུ་ཚུ་ ནང་འདྲེན་འཐབ་ནི་ནང་ གདམ་ཁ་རྐྱབ་མས་ཟེར་བཤད་ཅི།

འདི་ལུ་ ཞབས་ཏོག་ལྷན་ཁག་ནང་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཀརྨ་རྣམ་རྒྱལ་གྱིས་སླབ་མི་ནང་ སྤྱི་ལོ་༢༠༡༥་ལས་ ནང་འཁོད་ཀྱི་ས་པག་ཅུ་ལག་ལེན་འཐབ་དགོ་པའི་ བཀོད་རྒྱ་ཐོན་པའི་ཤུལ་ལུ་ གཞུང་གི་བཟོ་སྐྲུན་མང་ཤོས་ཅིག་ནང་རང་ ནང་འཁོད་ལས་ཐོན་པའི་ ས་པག་ཅུ་འདི་རང་ ལག་ལེན་འཐབ་སྟེ་ ཡོད་ཟེར་བཤད་ཅི།

 འདི་འབདཝ་ལས་ ཧེ་མ་ཚར་གཅིག་ ས་པག་ཅུ་གི་འཕྲུལ་ཁང་ལ་ལུ་ཅིག་ སྒོ་སྡམ་ནི་གུ་ཐུག་མི་ཚུ་གིས་ཡང་ ད་རེས་ ལོག་སྟེ་རང་ལཱ་ཚུ་ འབད་ནི་འགོ་བཙུགས་ཏེ་ ཡོད་ཟེར་ཨིན་མས།

ཨིན་རུང་ མོང་སྒར་ལུ་ཡོད་པའི་ རྒྱལ་པོའི་ཞིང་ལུ་ སྐྱེས་ལོ་༣༨་ལང་མི་ སངྱས་བསྟན་འཛིན་གྱི་ ས་པག་ཅུ་འཕྲུལ་ཁང་འདི་གིས་ ཚོང་འབྲེལ་ལེགས་ཤོམ་སྦེ་རང་ འཐབ་ཚུགས་ཏེ་ཡོདཔ་ཨིན་མས།

ཁོ་གིས་སླབ་མི་ནང་ ཁོ་གི་འཕྲུལ་ཁང་འདི་ ན་ཧིང་ ལས་གཞི་བཙུགས་འབད་བའི་ཤུལ་ལུ་ ད་ལྟོ་ཚུན་ ས་པག་ཅུ་དགོ་འདོད་དང་འཁྲིལ་ཏེ་ བཀྲམ་སྤེལ་འབད་མ་ཚུགས་པའི་དཀའ་ངལ་མ་གཏོགས་ བཙོང་མ་ཚུགས་པའི་དཀའ་ངལ་འདི་ མ་པ་ལས་རང་ མ་ཐོན་ཟེར་བཤད་ཅི།

མོང་སྒར་ལུ་ ནང་འཁོད་ལས་ཐོན་པའི་ ས་པག་ཅུ་འཇམ་ཏོག་ཏོ་སྦེ་ཐོབ་རུང་ སྒེར་གྱི་ཁྱིམ་རྐྱབ་ས་ལས་ཕར་ མང་ཤོས་ཅིག་རང་ ནང་འདྲེན་འཐབ་སྟེ་ཡོད་པའི་ ས་པག་ཅུ་དེ་རང་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

འདི་ཡང་ ཁྱིམ་རྐྱབ་མི་ ཇོ་བདག་ཅིག་གིས་སླབ་མི་ནང་ ནང་འཁོད་ལས་འཐོན་པའི་ ས་པག་ཅུ་ཚུ་ སྤུས་ཚད་ག་དེ་སྦེ་ཡོད་ག་ སླབ་མ་ཤེསཔ་ལས་ རྒྱ་གར་ལས་ ནང་འདྲེན་འབད་མི་གི་ པག་ཅུ་ཚུ་རང་ གདམ་ཁ་རྐྱབ་དོ་ཡོདཔ་སྦེ་བཤད་ཅི།

འབྲུག་ལུ་ ད་རེས་ ས་པག་ཅུ་གི་འཕྲུལ་ཁང་༥༠་ཡོད་ས་ལས་ ༡༠་འདི་ འབྲུག་གནས་ཚད་ལས་ཁང་གི་ཆ་གནས་འབད་མི་ཚུ་ཨིན་མས།