གཟའ་པ་སངས། ༢༠༡༡ ཟླ་༣ པའི་སྤྱི་ཚེས་༤

བཀྲིས་སྒང་རྫོང་ཁག་གི་ སྒོ་ནོར་མཉམ་ལས་ཚོགས་པ་ཚུ་ལུ་ ཨོམ་བཙོང་མ་ཚུགས་པའི་ དཀའ་ངལ་མེདཔ།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༡༨

༉ རྒྱལ་ཁབ་ནང་འཁོད་ཀྱི་ གཞན་མི་ མི་སེར་སོ་ནམ་པ་ཚུ་བཟུམ་སྦེ་མེན་པར་ བཀྲིས་སྒང་རྫོང་ཁག་ནང་ལུ་ཡོད་པའི་ སྒོ་ནོར་གསོ་སྐྱོང་འཐབ་མི་ མི་སེར་སོ་ནམ་པ་ཚུ་གིས་ ཨོམ་ཚོང་འབྲེལ་འཐབ་ནི་གི་ཐད་ཁར་ ཚ་གྱང་ལང་དགོཔ་མེདཔ་ཨིན་མས།

འདི་ཡང་ རྫོང་ཁག་འདི་ནང་ལུ་ ཀོའུ་ཕུ་ཀུ་རྒྱལ་སྤྱིའི་སྒོ་ནོར་ཐོན་སྐྱེད་བཟོ་སྦྱོར་ཁང་ཅིག་ གཞི་བཙུགས་འབད་དེ་ཡོད་མི་ལུ་བརྟེན་ཏེ་ ཨོམ་ཚུ་ འཇམ་ཏོག་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་འདི་གིས་ཨིན་མས།

ས་གནས་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་སླབ་མི་ནང་ ད་རེས་ནངས་པ་ ཀོའུ་ཕུ་ཀུ་རྒྱལ་སྤྱི་ལས་སྡེ་གི་ཨོམ་བསྡུ་ལེན་འབད་མི་ སྣུམ་འཁོར་འདི་གིས་ ཨོམ་བསྡུ་ལེན་འབད་བར་ རང་གི་ཁྱིམ་ནང་རང་ འོང་དོ་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་དཀའ་ངལ་ཚུ་ ག་ནི་ཡང་མེད་ཟེར་བཤད་ཅི།

 ད་རེས་ འདི་བཟུམ་གྱི་ལས་སྡེ་ཅིག་ གཞི་བཙུགས་འབད་དེ་ཡོད་མི་ལུ་བརྟེན་ ཨོམ་མེདཔ་ཐལ་བའི་ཚ་གྱང་ཚུ་ ལང་དགོཔ་མེདཔ་ད་ ཨོམ་བསྡུ་ལེན་འབད་མི་སྣུམ་འཁོར་འདི་གིས་ ཉིནམ་ཨ་རྟག་རང་ མཉམ་ལས་ཚོགས་པ་༡༣དང་ ཚོང་སྡེ་ཚུ་ནང་ལས་ ཨོམ་ཚུ་བསྡུ་འབག་ཞིནམ་ལས་ བཀྲིས་སྒང་ ཆེ་ནང་རི་ལུ་ཡོད་པའི་ སྒོ་ནོར་ཐོན་སྐྱེད་བཟོ་སྦྱོར་ཁང་ནང་ལུ་ བསྐྱལ་དོ་ཨིན་མས།

བཟོ་སྦྱོར་ཁང་འདི་གིས་ ཟླཝ་རེ་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ལྷགཔ་ཅིག་གནས་པའི་ ཨོམ་གྱི་ཐོན་སྐྱེད་ཚུ་ བཟོ་སྦྱོར་འབད་དོ་ཡོདཔ་ཨིན་རུང་ འདི་གིས་ཡང་ ལས་སྡེ་འདི་གི་དགོས་མཁོ་ཚུ་ གྲུབ་མ་ཚུགས་པར་འདུག

འདི་ལུ་ ལས་སྡེ་འདི་གི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨྱོན་དོན་གྲུབ་ཀྱིས་སླབ་མི་ནང་ ལས་སྡེ་ནང་ལུ་ ཉིནམ་གཅིག་ནང་ ཨོམ་ལི་ཊར་སྟོག་ཕྲག་༤དེ་ཅིག་དགོ་ནི་ཨིན་རུང་ ད་རེས་ མི་སེར་སོ་ནམ་པ་ཚུ་ལས་ ཨོམ་ལི་ཊར་སྟོང་ཕྲག་༢དེ་ཅིག་ཡང་ ཐོབ་མི་ཚུགས་དོ་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༦པའི་ནང་ལས་ ཨོམ་ཚུ་ མོང་སྒར་རྫོང་ཁག་གི་ མི་སེར་སོ་ནམ་པ་ཚུ་ལས་ཡང་ ཉོ་ནི་གི་འཆར་གཞི་ཡོད་ཟེར་བཤད་ཅི།

སྤྱི་ལོ་༢༠༡༥ལུ་ གཞི་བཙུགས་འབད་མི་ བཟོ་སྦྱོར་ཁང་འདི་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ ཇ་པཱ་ནིསི་ལས་སྡེ་༢ཀྱི་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ མཉམ་རུབ་ལས་སྡེ་ཅིག་ཨིན་མས།