གཟའ་པ་སངས། ༢༠༡༨ ཟླ་༡༢ པའི་སྤྱི་ཚེས་༡༣

ཕྱགས་སྙིགས་ཕྱི་སེལ་རྐྱབ་སའི་ ས་གོ་ལས་བརྟེན་ཏེ་ འཕྲོད་བསྟེན་ལུ་གནོད་ཉེན།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༨

༉ ཐིམ་ཕུག་ སྐལ་སྐྱིད་སློབ་གྲྭའི་འོག་ལུ་ཡོད་མི་ གཱི་ནཱར་ཝེ་གི་ཕྱགས་སྙིགས་ཕྱི་སེལ་རྐྱབ་སའི་ས་གོ་འདི་ མི་ཚུ་གིས་ ཕྱགས་སྙིགས་འདི་ཚུ་ག་ལྷོད་ བཀོག་སའི་ས་སྒོ་ཅིག་ལུ་ འགྱུར་ཏེ་འདུག

འདི་འབདཝ་ལས་ ས་གོ་འདི་གི་ ཉེ་འདབས་ལས་ཕར་སྡོད་མི་ཚུ་ལུ་ སྟབས་མ་བདེཝ་ ཐོན་དོ་ཡོདཔ་ཨིན་མས།

འདི་ཡང་ ཕྱགས་སྙིགས་ག་ལྷོད་བཀོ་སྟེ་ཡོད་མི་ཚུ་ རོ་ཁྱི་ཚུ་གིས་ དྲོ་པ་ཧ་སག་ སྐད་རྐྱབ་ཅིག་རང་ སློང་ཞིནམ་ན་ ཉེ་འདབས་ཀྱི་ ཁྱིམ་ནང་ལས་ཕར་ འབག་འོང་ནི་འདི་གིས་ཨིན་མས།

ས་གོ་འདི་གི་སྦོ་ལོགས་ཁར་སྡོད་མི་ཚུ་གིས་སླབ་མི་ནང་ ད་རེས་ ཕྱགས་སྙིགས་ག་ལྷོད་བཞག་མི་ལས་བརྟེན་ཏེ་ དྲིམ་ཁམས་ལོག་སི་སི་མནམ་དོ་ཡོདཔ་ལས་ འདི་གིས་ ཁོང་ཆ་ཁྱབ་ཀྱི་ འཕྲོད་བསྟེན་ལུ་ གནོད་པ་འདུག་ཟེར་བཤད་ཅི།

ད་རུང་ མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ལུ་ ཡིག་ཐོག་ལུ་རང་ ཉོགས་བཤད་བཀོད་ཡོདཔ་ཨིན་རུང་ ལན་གསལ་ཅིག་ ག་ནི་ཡང་ མིན་འདུག་ཟེར་བཤད་ཅི།

འདི་ལུ་ གཱི་ནཱར་ཝེ་ལས་སྡེ་གི་འབད་བ་ཅིན་ དཀའ་ངལ་འདི་ ཁོང་རྐྱངམ་གཅིག་ལུ་ བློ་གཏད་སྡོད་པ་ཅིན་ སེལ་ཚུགས་པ་ལུ་ ལཱ་ཁག་འོང་ཟེར་བཤད་ཅི།

ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ ས་གོ་འདི་ ཤུལ་མའི་ཟླཝ་ནང་ལས་ ཐིམ་ཕུག་ཁྲོམ་སྡེ་གིས་ རྩིས་ལེན་ནི་ཨིནམ་ལས་ ཆུ་ཤོག་དང་ལྕགས་ དེ་ལས་ ཤོག་ཀུ་དང་ རུལ་བཏུབ་མི་དང་མ་བཏུབ་མི་གི་ ཕྱགས་སྙིགས་ཀྱི་ རིགས་ཚུ་ བླུགས་ནི་གི་ སྒྲོམ་༥་དེ་ཅིག་ བཙུགས་ནི་ཨིན་ཟེར་བཤད་ཅི།

ད་རུང་ ཕྱགས་སྙིགས་ཚུ་ དུས་རྒྱུན་རང་ ལྟ་རྟོག་འབད་མི་༢་ཡང་ བཙུགས་ནི་ཨིན་མས།

གཱི་ནཱར་ཝེ་གིས་ ཕྱགས་སྙིགས་འཛིན་སྐྱོང་གི་ལཱ་འདི་ འཕྲོ་མཐུད་དེ་རང་ ཐིམ་ཕུག་ འབར་པའི་ས་ལུ་སྦེ་ འབད་ནི་ཨིན་མས།