ཀྲོང་གསར་ལུ་ཡོད་པའི་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་རྒྱུན་སྐྱོང་གི་ལཱ་ཚུ་འབད་ནི་ཨིནམ།
སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༨༉ ཀྲོང་གསར་ལུ་ཡོད་པའི་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་ ཀྲོང་གསར་དང་ གླང་མཐིལ་གི་བར་ནའི་ འཁོར་ལམ་གྱི་གནས་སྟངས་ ཡར་དྲགས་བཏང་ནི་གི་དོན་ལས་ འཁོར་ལམ་རྒྱུན་སྐྱོང་གི་ལཱ་ཚུ་ འབད་ནི་ཨིན་མས།
འདི་གི་དོན་ལས་ ལམ་སེལ་ལས་ཁུངས་ཀྱིས་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་ལས་ མ་དངུལ་དངུལ་ཀྲམ་ས་ཡ་༦༤ལྷགཔ་ཅིག་ ཐོབ་སྟེ་ཡོདཔ་ཨིན་མས།
འཁོར་ལམ་འདི་ཡང་ མེ་ག་ཝཊ༧༢༠་འབད་མི་ གློག་མེ་ལས་འགུལ་ བཟོ་སྐྲུན་འབད་ནི་གི་དོན་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱིས་ ལག་ལེན་འཐབ་དོ་ཡོདཔ་ཨིན།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་མིཤ་རཱ་གིས་བཀོད་མི་ནང་ འཁོར་ལམ་འདི་ཁར་ལས་ སྣུམ་འཁོར་ཆེ་བ་ཚུ་ རྒྱུན་འགྲུལ་འཐབ་ནི་ བཞག་པའི་བསྒང་ལས་ འཁོར་ལམ་གྱི་གནས་སྟངས་འདི་ ལེགས་ཤོམ་འགྱོ་འོང་ཟེར་བཤད་ཅི།
འདི་ཡང་ ཁོ་གིས་སླབ་མི་ནང་ ད་རེས་ གློག་མེ་ལས་འགུལ་འདི་ མཇུག་བསྡུ་ནི་གུར་ལྷོད་དེ་ཡོད་ཟེར་ཨིན་མས།
ས་གནས་འདི་ནང་ཡོད་པའི་ འཁོར་ལམ་རྒྱུན་སྐྱོང་གི་ལཱ་ཚུ་ འདས་པའི་ལོ་༤གི་རིང་ ལས་འགུལ་འདི་གིས་ ཁས་བླངས་ཀྱི་ཐོག་ལས་ འབད་ཡོདཔ་ཨིན་མས།
འཁོར་ལམ་རྒྱུན་སྐྱོང་གི་ལཱ་འདི་ཡང་ ས་སྒོ་ཁག་༢སྦེ་བཟོ་སྟེ་ཡོདཔ་ད་ འདི་ཡང་ ཀྲོང་གསར་ལས་ རེ་འཕེལ་དང་ རེ་འཕེལ་ལས་ གླིང་མཐིལ་ཚུན་ཚོད་ཨིན་མས།
ད་རེས་ ཀྲོང་གསར་ལས་ རེ་འཕེལ་ཚུན་ཚོད་ འཁོར་ལམ་ཉམས་བཅོས་འབད་ནི་གི་དོན་ལས་ རིན་བསྡུར་ཚུ་ཡང་ འབད་ཚར་ཏེ་འདུག
འཁོར་ལམ་རྒྱུན་སྐྱོང་གི་ལཱ་ཚུ་ཡང་ ཤུལ་མའི་ ཟླཝ་༢་ཀྱི་རྒྱབ་ལས་ འགོ་བཙུགས་ཚུགས་པའི་རེ་བ་འདུག
ད་རེས་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ ཀྲོང་གསར་ལས་ གླིང་མཐིལ་ལུ་ལྷོད་ལྷོད་ དུས་ཡུན་ཆུ་ཚོད་ ཕྱེད་ད་༣དེ་ཅིག་ འགོར་དོ་ཡོདཔ་ཨིན་མས།








རྒྱང་བསྒྲགས་དང་མཐུད་འབྲེལ།