གཟའ་ཉི་མ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༠

ཁས་བླངས་པ་སྦེ་འཐོན་མི་འདི་གིས་ མི་སྡེ་ལུ་ཁེ་ཕན་འབྱུང་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༢ ༢༠༡༨

 

༉ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་རྒེད་འོག་གི་ མི་སེར་ཚུ་གིས་ རྒེད་འོག་འདི་ནང་ལུ་ཡོད་པའི་ མི་དམངས་ཀྱི་མཐུན་རྐྱེན་ཚུ་ བདག་འཛིན་འབད་ནི་སྦེ་ ཁས་བླངས་འབད་དེ་འདུག

འདི་བཟུམ་སྦེ་ མི་སེར་ཚུ་གིས་ མི་དམངས་ཀྱི་མཐུན་རྐྱེན་ཚུ་ ཉམས་བཅོས་ཆུང་ཀུ་རེ་ འབད་དགོཔ་འཐོན་མི་ཚུ་ཡང་ ཁས་བླངས་ཀྱི་ཐོག་ལས་འབད་ནི་སྦེ་ ངོས་ལེན་འབད་དེ་ཡོདཔ་ཨིན་མས།

རྒེད་འོག་འདི་ནང་གི་ མི་སེར་ཚུ་གིས་ ཁ་ཙ་ མི་སྡེའི་ཞབས་ཏོག་ སོ་ནམ་ཞིང་ལམ་དང་ རྒེད་འོག་ལྟེ་བའི་ལམ་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ ཉམས་བཅོས་ཚུ་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ད་རེས་ ཁྱིམ་གུང་རེ་ལས་ མི་རེ་འཐོན་ཏེ་ ཚལ་མ་དང་ འཁོར་ལམ་ཚུ་བདའ་སྟེ་ ཆུ་གཡུར་སེལ་ནི་ དེ་ལས་ ལམ་ཧོ་ཀ་སུབ་ནི་གི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་མས།

དེ་སྦེ་ ཁས་བླངས་ཀྱི་ཐོག་ལས་ མི་དམངས་ཀྱི་མཐུན་རྐྱེན་ཚུ་ མི་སེར་ཚུ་གིས་རང་ བདག་འཛིན་འཐབ་ནི་སྦེ་ཡོད་མི་འདི་ཡང་ རྒཔོ་གི་ཐབས་ཤེས་ཅིག་ཨིན་མས།

འདི་ལུ་ དཀྱིལ་འཁོར་ཐང་རྒེད་འོག་གི་རྒཔོ་ བཱི་ད་མཱོ་ནི་ཅམ་ལ་གཱའི་གིས་སླབ་མི་ནང་ འདི་བཟུམ་གྱི་ཐབས་ལམ་སྟོན་མི་དང་འབྲེལ་ མི་སེར་ཚུ་གིས་ཡང་ ངོས་འབད་དེ་ཡོད་ཟེར་བཤད་ཅི།

འདི་བཟུམ་གྱི་ཐབས་ལམ་བཏོན་མི་འདི་ཡང་ རྒེད་འོག་གི་མ་དངུལ་ཚུ་ ཟད་འགྲོ་བཏང་ནི་ལས་ བཀག་ཐབས་འབད་ནི་དང་ མི་ཚུ་གི་ནང་འཁོད་ བདག་དབང་དང་ མི་སྡེའི་འགན་ཁུར་ཚུ་ འགན་ཁྲིད་ཅན་ཅིག་སྦེ་ འབག་ཚུགསཔ་སྦེ་ བཟོ་ཐབས་ལུ་དམིགས་ཏེ་ཨིན་མས།

རྒེད་འོག་བདག་སྐྱོང་གིས་ ཁས་བླངས་ཀྱི་ལཱ་ཚུ་འབད་ནི་གི་དོན་ལས་ རྒེད་འོག་འདི་ནང་གི་མི་སེར་ཚུ་ ཟླཝ་༣་གི་ནང་འཁོད་ ཚར་རེ་འཛོམས་ནི་སྦེ་ འཆར་གཞི་ཚུ་བརྩམ་སྟེ་འདུག

འདི་བཟུམ་སྦེ་ འཆར་གཞི་འདི་ གཏན་འཁེལ་བཟོ་ནི་གི་དོན་ལས་ མི་སྡེའི་འགོ་འཁྲིདཔ་ཚུ་གིས་ སྤྱི་འོག་༥་གི་མི་སེར་ཚུ་དང་གཅིག་ཁར་ ཕྱད་ནི་གི་ལས་རིམ་ཡང་ཡོདཔ་ཨིན་མས།