གཟའ་ཉི་མ། ༢༠༡༨ ཟླ་༤ པའི་སྤྱི་ཚེས་༢༡

ཟྭོ་ཆག་ལས་བཟོ་ཡོད་མི་ ཐགས་རིས་འཐག་ནི་གི་ སྲོལ་རྒྱུན་སྐྱོང་།

སྤྱི་ཟླ་༡༢ པའི་ཚེས་ ༢༡ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་རྒེད་འོག་ནང་ལུ་ ལོ་༣༠་དེ་ཅིག་གི་རྒྱབ་ལས་ ད་རེས་ ཟྭོ་ཆག་ལས་བཟོ་ཡོད་པའི་ སྐུདཔ་གིས་སྦེ་ ཐགས་འཐག་ནི་གི་སྲོལ་འདི་ འགོ་བཙུགས་ཏེ་འདུག

འདི་བཟུམ་སྦེ་ ཐགས་འཐག་ནི་འདི་ རྒེད་འོག་འདི་ནང་གི་ མི་སེར་ལ་ལུ་ཅིག་གི་དོན་ལས་ འོང་འབབ་ཀྱི་གཞི་གཙོ་བོ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།

ཟྭོ་ཆག་ལས་བཏོན་མི་སྐུདཔ་འདི་ རང་ལུགས་ཀྱི་ ཐགཔ་བཟོ་ནི་གི་དོན་ལས་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ གདན་ཁེབས་དངགྲྭ་ཕད་ དེ་ལས་ མཱལ་ཆ་ཚུ་ཡང་ འཐག་སྲོལ་ཡོདཔ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ནང་ལས་ སྐྱེས་ལོ་༦༢་ལང་མི་ གཡུ་སྒྲོན་བཟང་མོ་གིས་སླབ་མི་ནང་ ཧེ་མ་ མོ་རའི་ཕམ་ཚུ་གིས་སྐབས་ལུ་ ཟྭོ་ཆག་ལས་བཏོན་པའི་ སྐུདཔ་ཚུ་གིས་ ཕད་ཙི་ཚུ་བཟོ་ཞིནམ་ལས་ རྒྱ་གར་ལས་ ཆུམ་དང་གཅིག་ཁར་ བརྗེ་སོར་འབད་སར་མཐོང་ཡོདཔ་ཨིན་རུང་ ཤུལ་ལས་ རྒྱ་གར་ལུ་ འདི་བཟུམ་མའི་ ཐགས་ཆས་ཚུ་ མཁོ་མངག་འབད་ནི་མེདཔ་ལས་ ཐགས་རས་འཐག་ནི་འདི་ཡང་ ཉམས་འགྱོ་ཡི་ཟེར་བཤད་ཅི།

 ས་གནས་འདི་ནང་ ཟྭོ་ཆག་ཚུ་འབོལ་དྲག་སྦེ་ཡོདཔ་ལས་ ཟྭོ་ཆག་གི་སྐུདཔ་ཚུ་ཡང་ ཟྭོ་ཆག་གི་པགས་ཀོ་ཤུབས་ཏེ་ བཙོ་ཞིནམ་ལས་ བཟོཝ་ཨིན་མས།

ད་རེས་ རྒེད་འོག་འདི་ནང་གི་མི་སེར་ཚུ་གིས་ ཟྭོ་ཆག་གི་སྐུདཔ་ལས་བརྟེན་པའི་ ཅོག་ཁེབས་དང་ གཞན་མི་ གོ་ལ་མཇའ་འཆི་ཆི་ཚུ་ ཐགསཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱི་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་གི་དོན་ལས་ གཡུས་འདི་ནང་གི་ ཨམ་སྲུ་ལ་ལུ་ཅིག་ལུ་ ཐགས་རས་འཐག་ནི་གི་ སྦྱོང་བརྡར་བྱིན་མི་ རང་ལུགས་ལག་བཟོ་གོང་འཕེལ་ལས་སྡེ་གིས་ རྒྱབ་སྐྱོར་འབད་དེ་འདུག

 ཐགས་རས་ཚུ་ལས་བརྟེན་ཏེ་ མི་སེར་ཚུ་གིས་འོང་འབབ་སྟོང་ཕྲག་༡་ལྷགཔ་ཅིག་ བཟོ་ཚུགས་དོ་ཡོདཔ་ཨིན་མས།