གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

བཙོག་རླུང་དང་མར་ཁུ་ནང་འདྲེན་ མར་ཕབ་འབད་ཐབས་ལུ་ གློག་བརྟེན་སྣུམ་འཁོར་ལག་ལེན།

སྤྱི་ཟླ་༡༠ པའི་ཚེས་ ༡༣ ༢༠༡༧

༉ རྒྱལ་ཁབ་ནང་གི་ སྐྱེལ་འདྲེན་ལས་སྡེ་ནང་ མར་ཁུ་ལུ་བརྟེན་མི་འདི་ ཡར་སེང་འགྱོ་མི་དང་འབྲེལ་ཏེ་ གཞུང་གིས་ ད་ལས་ཕར་ ལོ་༣གི་ནང་འཁོད་ལུ་ བཙོག་རླུང་ཉུང་བའི་ ཁྲོམ་སྡེའི་སྐྱེལ་འདྲེན་ལམ་ལུགས་འདི་ འགོ་བཙུགས་ནི་ཨིན་མས།

འདི་ཡང་ གཞུང་གིས་ མཐའ་འཁོར་ཉམས་སྲུང་འབད་ནི་ལུ་ ཁས་ལེན་འབད་མི་དང་ སྐྱེལ་འདྲེན་ལས་སྡེ་ནང་ལས་ བཙོག་རླུང་མང་སུ་ཅིག་ཐོན་མི་འདི་ལུ་ གདོང་ལེན་འབད་ནི་གི་དོན་ལས་ཨིན་མས།

རྒྱལ་ཁབ་ནང་ལུ་ གླ་འཁོར་གྱི་གྱངས་ཁ་འདི་ར་ མཐོ་ཤོས་ཅིག་ཡོད་ནི་འདི་གིས་ འདི་ནང་ལས་ བཙོག་རླུང་མར་ཕབ་འབད་ཚུགས་ནི་གི་ འོས་འབབ་སྦོམ་སྦེ་ར་ཡོདཔ་ཨིན།

བརྒྱུད་འབྲེལ་ལྷན་ཁག་གི་འཆར་གཞི་གཙོ་འཛིན་འགོ་དཔོན་འོགམ་ ཕུརབ་རྒྱལ་ཚནགྱིས་ སླབ་མི་ནང་ ལས་འགུལ་གོ་རིམ་དང་པའི་ནང་ལུ་ གླ་འཁོར་ཚུ་ གློག་མེ་གི་འགྲུལ་འཁོར་ལུ་ འགྱུར་བཅོས་འབད་དེ་ འཕྲུལ་ལྟོ་བསྐྱར་གསོ་འབད་ས་ཡང་ མང་སུ་ཅིག་བཙུགས་མར་ཁུ་ནང་འདྲེན་ཚུ་ཡང་ མར་ཕབ་འབད་ཚུགས་ཟེར་བཤད་ཅི།

ད་རེས་ མར་ཁུ་ནང་འདྲེན་གྱི་ ཟད་འགྲོ་འདི་ཡང་ སྤྱི་ལོ་༢༠༠༢ལུ་ ས་ཡ་༧༢༡འབད་ས་ལས་ ན་ཧིང་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༩མ་ལངམ་ཅིག་ལུ་ ལྷོད་དེ་ཡོདཔ་ཨིན།

 ལས་འགུལ་འདི་གི་སྦེ་ མི་དམང་སྐྱེལ་འདྲེན་གྱི་ཞབས་ཏོག་ བྱ་སྟབས་བདེ་ཏོག་ཏོ་དང་ ཇོན་ཐངས་ཅན་ དེ་ལས་ ཞབས་ཏོག་ལེགས་ཤོམ་དགོ་པའི་ མཁོ་འདོད་འདི་ཡང་ གྲུབ་ཚུགས་ནི་ཨིན་མས།

རྒྱལ་ཁབ་ནང་འཁོད་ལུ་ དུས་ཅི་ སྤྱི་ཟླ་༧པ་ཚུན་ཚོད་ཀྱི་ནང་འཁོད་ལུ་ ཐོ་བཀོད་འབད་དེ་ཡོད་པའི་ སྣུམ་འཁོར་སྟོང་ཕྲག་༩༤དེ་ཅིག་ཡོདཔ་ཨིན།