གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

བསམ་གྲུབ་ལྗོངས་མཁར་ལུ་ ཕྱགས་སྙིགས་དང་འབྲེལ་བའི་ ཉེས་བྱ་བཀལ་ནི་ཨིན།

སྤྱི་ཟླ་༡༠ པའི་ཚེས་ ༡༡ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་ལུ་ ད་ལས་ཕར་ ཆུ་ནང་ལས་ཕར་ ཕྱགས་སྙིགས་ཀྱི་རིགས་ཚུ་བཀོ་སྟེ་ ཁམས་ལོག་སི་སི་བཟོ་མི་ཚུ་ ཁྲིམས་འགལ་གྱི་བྱ་ངན་སྦེ་རྩིས་ཏེ་ ཉེས་བྱ་དམ་དམ་སྦེ་ར་བཀལ་ནི་ཨིན་མས།

འདི་ཡང་ མངའ་སྡེ་ནགས་ཚལ་ཡིག་ཚང་གིས་ འདི་བཟུམ་གྱི་ བྱ་ངན་འབད་མི་ཚུ་ལུ་ ཕྱགས་སྙིགས་སྔོན་འགོག་དང་འཛིན་སྐྱོང་གི་སྒྲིག་གཞི་ ༢༠༡༢ཅན་མ་དང་འཁྲིལ་ཏེ་ ཉེས་བྱ་ཚུ་བཀལ་ནི་ཨིན་མས།

ནགས་ཚལ་འགོ་དཔོན་ཚུ་གིས་ འདས་པའི་ཟླ་༡༠དེ་ཅིག་གི་རིང་ལུ་ སྒྲིག་གཞི་འདི་གི་དགོངས་དོན་ཚུ་གི་ཐོག་ལུ་ གོ་བ་བརྡ་སྤྲོད་ཁག་མ་འདྲཝ་ཚུ་ འབད་དེ་ར་ཡོདཔ་ཨིན་མས།

ནགས་ཚལ་གཙོ་འཛིན་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་སླབ་མི་ནང་ ས་གནས་གཞུང་ལས་ འགོ་བཙུགས་ཏེ་ རྫོང་ཁག་ཚུན་ཚོད་ མི་ཚུ་ལུ་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ཡང་ མ་བཏུབ་བཏུབ་སྦེ་ འགོ་འདྲེན་འཐབ་ཡོདཔ་ལས་ ད་ལས་ཕར་ མཐའ་སྐོར་གནས་སྟང་ཧིང་སང་ས་བཞག་ནི་དོན་ལས་ མི་ཚུ་ལས་ རྒྱབ་སྐྱོར་ལེན་ནི་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཕྱགས་སྙིག་སྔོན་འགོག་དང་ འཛིན་སྐྱོང་གི་སྒྲིག་གཞི་ ༢༠༡༢ ཅན་མ་དང་ འཁྲིལཔ་ད་ ཕྱགས་སྙིགས་དང་འབྲེལ་བའི་ ཁྲིམས་འགལ་གྱི་ལཱ་འབད་མི་ཚུ་ལུ་ བྱ་ངན་གྱི་དབྱེ་བ་དང་བསྟུན་ དངུལ་ཀྲམ་༡༠༠ལས་ སྟོང་ཕྲག་༢༠ཚུན་གྱི་བར་ན་ ཉེས་བྱ་ཕོགཔ་སྦེ་ཨིན་མས།

 ན་ཧིང་ སྤྱི་ཟླ་༡༢་པའི་ནང་ རྒྱལ་ཁབ་ནང་ལུ་ ཕྱགས་བརྡར་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ལས་ ནགས་ཚལ་ཡིག་ཚང་གི་ཁ་ཐུག་ལས་ཡང་ ཟླ་རིམ་བཞིན་དུ་ར་ སྤྱི་ཚེས་༩གི་ཚེས་ ཕྱགས་བརྡ་གི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཏེ་ར་ཡོདཔ་ཨིན།