གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༦

ཨམ་སྲུ་དང་ཨ་ལོའི་གནད་དོན་གྱི་དོན་ལས་ བརྡ་དོན་འཛིན་སྐྱོང་གི་ལམ་ལུགས་ལྟེ་བ་ཅིག་ འགོ་བཙུགས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

༉ ད་རེས་ ཨམ་སྲུ་དང་ཨ་ལོའི་ཉེན་སྐྱོབ་ཀྱི་གནད་དོན་ཐད་ཁར་ བརྡ་དོན་འདི་ཚུ་ ལས་སྡེ་གཅིག་གི་ནང་ལས་་ཐོབ་ཚུགསཔ་སྦེ་མེད་ནི་འདི་གིས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ལུ་ ཡུན་བརྟན་སྲུང་སྐྱོབས་ཀྱི་ལམ་ལུགས་བཟོ་ནི་ནང་ གདོང་ལེན་བྱུང་སྟེ་འདུག

འདི་འབདཝ་ལས་ གནད་དོན་འདི་སེལ་ནི་གི་དོན་ལས་ ལྷན་ཚོགས་འདི་གིས་ ཁ་ཙ་ ཡོངས་འབྲེལ་ཐོག་གི་ བརྡ་དོན་འཛིན་སྐྱོང་ལམ་ལུགས་ཀྱི་ལྟེ་བ་ཅིག་ འགོ་བཙུགས་ཅི།

བརྡ་དོན་འཛིན་སྐྱོང་ལམ་ལུགས་ཀྱི་ལྟེ་བ་འདི་ གནས་སྡུད་ཀྱི་ལམ་ལུགས་ཅིག་ཨིནམ་ད་ ལམ་ལུགས་འདི་གིས་ ཨམ་སྲུ་དང་ཨ་ལོའི་ཉེན་སྐྱོབ་ཀྱི་མཐའ་དོན་ལུ་གཙོ་བོར་བསྟེན་མི་ ལས་སྡེ་མང་རབ་ཅིག་གི་བརྡ་དོན་ཡོད་མི་ཚུ་ ལམ་ལུགས་འདི་གི་ནང་འཁོད་རང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ཐོབ་སྦེ་བཟོཝ་ཨིན་མས།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ལས་རིམ་འགོ་དཔོན་ ཨྱོན་དབང་ཕྱུག་གིས་སླབ་མི་ནང་ ལམ་ལུགས་འདི་ལས་བརྟེན་ཏེ་སྦེ་ ཨམ་སྲུ་དང་ཨ་ལོའི་གནད་དོན་འདི་ཚུ་ དེ་འཕྲོས་ལས་རང་ འབྲེལ་ཡོད་ལས་སྡེ་ཚུ་ལྷོདཔ་སྦེ་བཏང་ཚུགས་ཟེར་བཤད་ཅི།

ད་རེས་ རྒྱལ་ཁབ་ནང་ལུ་ ཨམ་སྲུ་དང་ཨ་ལོའི་གནད་དོན་ལུ་ གཙོ་བོར་བསྟེན་མི་ལས་སྡེ་ཡོད་ཚུ་ཡང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ དེ་ལས་ ཁྲིམས་སྲུང་འགག་པ་ཚུ་ཨིན་མས།

ལས་རིམ་འགོ་དཔོན་ཨྱོན་དབང་ཕྱུག་གིས་སླབ་མི་ནང་ ཡོངས་འབྲེལ་གྱི་ལམ་ལུགས་འདི་གིས་ ཨམ་སྲུ་དང་ཨ་ལོ་་གི་བརྡ་དོན་འདི་ཚུ་ འབྲེལ་ཡོད་ཨམ་སྲུ་དང་ཨ་ལོ་བདག་འཛིན་འཐབ་མི་ ལས་སྡེ་གི་ནང་འཁོད་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་བཟོ་འོང་ཟེར་བཤད་ཅི།

ད་རེས་ ཨམ་སྲུ་དང་ཨ་ལོའི་གནད་དོན་འདི་ཚུ་ ལས་སྡེ་རང་རང་སོ་སོ་གིས་ འཛིན་སྐྱོང་འཐབ་སྟེ་ཡོདཔ་ཨིན།