གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

གསེར་ནག་ཚོང་དང་འབྲེལ་བའི་རྩོད་གཞི་འདི་ ཁྲིམས་འདུན་ལུ་བཙུགས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འཕྲལ་ཁམས་ཅིག་ཁར་ གསེར་ནག་ཚོང་འཐབ་མི་ནང་ བདའ་ཟུན་མི་ མི་ངོམ་ལྔ་གི་རྩོད་གཞི་འདི་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་བཙུགས་ནུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོང་དོགས་པ་ཅན་ཆ་ཁྱབ་ལུ་ གསེར་ནག་ཚོང་འཐབ་མི་དང་ གསེར་ནག་ཚོང་འཐབ་ནི་གི་བྱ་བ་བརྩམ་མི་ དེ་ལས་ ཡིག་ཚང་གི་བྱ་སྤྱོད་ངན་པ་འབད་མི་དང་ གསེར་ནག་ཚོང་འཐབ་ནི་ལུ་ ཆ་རོགས་དང་ རྒྱུད་བསྐུལ་འབད་བའི་ ཉེས་འཛུགས་ཚུ་ སྐྱེལཝ་ཨིན་མས།

ཁོང་དོགས་པ་ཅན་༥་གི་གྲལ་ལས་ གཉིས་འདི་ འདས་པའི་ཟླཝ་གི་སྤྱི་ཚེས་༢༧་གྱི་ཚེ་ གསེར་ཀེ་ཇི་ཕྱེད་དང་༡༢དེ་ཅིག་འབག་ཏེ་ཡོདཔ་སྦེ་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལས་ བདའ་ཟུན་ཅི།

ཉེས་འཛུགས་དང་འཁྲིལཔ་ད་ ཁོང་གཉིས་ཀྱིས་ གསེར་འདི་ཡང་ བེང་ཀོག་ལས་ ཉོ་འབག་འོང་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ད་ལྟོ་ དོག་པ་ཅན་གཉིས་ཀྱིས་ འབག་འོང་མི་གསེར་གྱི་གོང་ཚད་ ག་དེ་ཅིག་གནསཔ་ཨིན་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གཏན་གཏན་ཅིག་སྦེ་ མ་ཤེས་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༣༣་ལྷགཔ་ཅིག་གནས་ནི་ཨིན་པའི་ ཚད་རྩིས་བཏོན་ཏེ་འདུག

ཁོང་དོགས་པ་ཅན་གཉིས་བཟུང་པའི་ཤུལ་ གསེར་ནག་ཚོང་འདི་དང་འབྲེལ་བ་ཡོད་པའི་ གཞན་མི་དོགས་པ་ཅན་ གསུམ་ཡང་བཟུང་ནུག

འདི་གི་ནང་ལས་ དོགས་པ་ཅན་གཉིས་ལུ་ བེང་ཀོག་ལས་ གསེར་ཉོ་ནི་གི་དོན་ལས་ ཏི་རུ་བཏང་སྟེ་ གསེར་ནག་ཚོང་འཐབ་ནི་གི་བྱ་བ་བརྩམ་པའི་ ཉེས་འཛུགས་སྐྱེལ་ཡོདཔ་ཨིན།

དེ་ལས་ དོགས་པ་ཅན་ལྔ་པ་འདི་ བཀྲིས་མཁའ་འགྲུལ་ནང་ལུ་ འཕྲུལ་རིག་པ་སྦེ་ ལཱ་འབད་མི་ཅིག་ཨིནམ་དང་ ཁོ་ལུ་ ཡིག་ཚང་དང་འབྲེལ་བའི་ བྱ་སྤྱོད་ངན་པ་འབད་བའི་ ཉེས་འཛུགས་བཀལ་ཏེ་འདུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་བཀོད་མི་ནང་ ཁོ་གིས་ གསེར་ནག་ཚོང་འཐབ་ནི་གི་དོན་ལས་འབག་མི་ཏི་རུ་ཚུ་ གནམ་གྲུ་ནང་སྐྱེལ་རུབ་འབད་དེ་ གླ་རྔན་ དངུལ་ཀྲམ་སྟོང་ཕྲག་༨ལེན་ནུག་ཟེར་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་བཀོད་མི་ནང་ སྤ་རོ་གནམ་གྲུ་ཐང་ནང་ལས་བཟུང་མི་ དོགས་པ་ཅན་གཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ ཁོ་གིས་ སྤྱི་ལོ་༢༠༡༥ལས་ཚུར་ བེང་ཀོག་ལས་ གསེར་ནག་ཚོང་ ཚར་དགུ་དེ་ཅིག་ འཐབ་ཡོདཔ་སྦེ་ སླབ་ནུག་ཟེར་ཨིན་མས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཔ་ད་ ནག་ཚོང་འཐབ་པའི་ཉེས་འགེལ་འདི་ རིན་ཐངས་དང་བསྟུན་པའི་ ཁྲིམས་ཚད་ཕོགཔ་སྦེ་ཨིན་མས།

ད་ལྟོ་ དོགས་པ་ཅན་ཚུ་ག་ར་ ཁོང་རའི་རྒྱབ་མི་ཚུ་བཙུགས་ཏེ་སྦེ་ དོ་དམ་ནང་ལས་ བཏང་སྟེ་འདུག