གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

བླམ་དཔལ་རི་ལུ་ཡོད་པའི་ རྒྱལ་གཞུང་སྐྱེས་ཚལ་གླིང་ག་གིས་ ཕྱགས་སྙིགས་ཀྱི་གོ་བརྡའི་ལས་རིམ།

སྤྱི་ཟླ་༩ པའི་ཚེས་ ༡༢ ༢༠༡༧

༉ མི་དམངས་ལུ་ ཕྱགས་སྙིགས་འཛིན་སྐྱོང་དང་ བཅའ་ཡིག་དང་སྒྲིག་གཞི་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཐབས་ལུ་ བླམ་དཔལ་རི་ལུ་ཡོད་པའི་ རྒྱལ་གཞུང་སྐྱེས་ཚལ་གླིང་ག་གིས་ འདས་པའི་གཟའ་ཉིནམ་གི་ཚེས་ ཉིནམ་གཅིག་གི་རིང་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག

ལས་རིམ་འདི་ཡང་ མི་ཚུ་གི་ནང་འཁོད་ ཕྱགས་སྙིགས་མེད་པའི་ རྒྱལ་ཁབ་ཅིག་བཟོ་ནི་ནང་ འགན་འཁུར་འབད་དགོ་པའི་ གོ་བརྡ་སྤེལ་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

མི་དམངས་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ གོ་བརྡ་སྤེལ་ནི་གི་དོན་ལས་ གླིང་ག་འདི་ནང་གི་འགོ་དཔོན་ཚུ་དང་ སྣུམ་འཁོར་བརྡ་སྟོན་ཁྲིམས་སྲུང་ དེ་ལས་ ལམ་འགྲུལ་ཉེན་སྲུང་དང་ བསྐྱེལ་འདྲེན་དབང་འཛིན་ཚུ་ མཉམ་འབྲེལ་འབད་དེ་ གཞུང་ལམ་འདི་ཁ་ལས་རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་བཀག་ཞིནམ་ལས་ གོ་བརྡ་ཚུ་སྤྲོད་དེ་ཡོདཔ་ཨིན།

འདི་བསྒང་ ཤར་དང་ནུབ་ཀྱི་བར་ན་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ཕྱགས་སྙིགས་འཛིན་སྐྱོང་དང་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་ཡོད་པའི་ གནས་ཤོག་ཚུ་ཡང་ བཀྲམ་སྤེལ་འབད་ནུག

ཕྱགས་སྙིགས་འཛིན་སྐྱོང་དང་སྔོན་འགོག་བཅའ་ཁྲིམས་༢༠༡༢ཅན་མ་དང་འཁྲིདཔ་ད་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་འདི་ མི་ངོ་རེ་རེ་བཞིན་དུ་གི་ འགན་འཁུར་ཕོག་ཟེར་བཀོད་དེ་འདུག

འདི་བཟུམ་སྦེ་ བཅའ་ཁྲིམས་ལུ་མ་གནས་མི་ཚུ་གི་དོན་ལས་ ཕྱགས་སྙིགས་ཀྱི་དབྱེ་བ་དང་འཁྲིལ་ཏེ་ ཉེས་བྱ་དངུལ་ཀྲམ་༡༠༠ལས་ སྟོང་ཕྲག་༢༠༠༠༠ གི་བར་ན་ བཀལ་དོ་ཡོདཔ་ཨིན།

ད་ལས་ཕར་ ཕྱགས་སྙིགས་ག་ལྷོད་བཀོག་མི་ཚུ་ལུ་ ཉེས་བྱ་མ་བཀལ་བའི་ཧེ་མ་ འདི་བཟུམ་གྱི་གོ་བརྡའི་ལས་རིམ་ཚུ་ དུས་དང་དུས་སུ་ འགོ་འདྲེན་འཐབ་ནི་ཨིན་མས།