གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཞི་གཡོག་ནང་ལུ་འཛུལ་མི་ཚུ་གིས་ སྨྱོ་རྫས་ཀྱི་བརྟག་དཔྱད་འབད་དགོ་ནི།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

  ༉ ཞི་གཡོག་ཆོས་རྒྱུགས་ནང་ལས་མཐར་འཁྱོལ་མི་ མཐོ་རིམ་ཤེས་ཚད་ཡོད་མི་ཚུ་གིས་ ཞི་གཡོག་ནང་ལུ་འཛུལ་ནི་གི་དོན་ལས་ སྨྱོ་རྫས་སྤྱོད་དོ་ཡོདཔ་མེདཔ་གི་བརྟག་དཔྱད་ འབད་དགོ་ནི་ཨིན་མས།

འདི་ཡང་ ཞི་གཡོག་འདི་ སྨྱོ་རྫས་མེད་པའི་ལས་སྡེ་ཅིག་སྦེ་བཟོ་ནི་དང་ རྒྱལ་ཡོངས་ཀྱིས་ཁ་ཐུག་ལས་ སྨྱོ་རྫས་མེདཔ་སྦེ་བཟོ་ནི་ནང་ བརྩོན་ཤུགས་སྐྱེད་མི་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ཐབས་ལུ་ཨིན་མས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་འཁྲིལ་བ་ཅིན་ སྨྱོ་རྫས་བརྟག་དཔྱད་འབད་དགོ་པའི་ལམ་ལུགས་བཟོ་མི་འདི་ཡང་ གསོ་བའི་ལག་ཁྱེར་དགོཔ་སྦེ་ཡོད་མི་ལུ་ ལྷན་ཐབས་ཅིག་ཨིན་ཟེར་བཤད་ཅི།

ལྷན་ཚོགས་འདི་ནང་ལས་འགོ་དཔོན་ཅིག་གིས་སླབ་མི་ནང་ ཞི་གཡོགཔ་འདི་ ཁོང་རའི་གྲོས་ཐག་བཅད་མི་དང་ དྭངས་ལེན་འབད་མི་ལུ་ འགན་ཁུར་ཅན་དང་འགན་ཁྲི་ཅན་ཅིག་སྦེ་ འོང་དགོ་ཟེར་ཨིན་མས།

འདི་གིས་འབད་ ཞབས་ཏོག་འདི་ཚུ་འབྱིན་ནི་ནང་ ཐོ་ཕོག་པ་དང་ བརྒྱུད་བསྐུལ་འབད་བའི་གནས་སྟངས་ཚུ་ འོང་ནི་མི་འོང་ཟེར་བཤད་ཅི།

 སྨྱོ་རྫས་བརྟག་དཔྱད་ཀྱི་ལས་རིམ་འདི་ཡང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ཅིག་ཁར་མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་ནི་ཨིན་མས།

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ ཕུན་ཚོགས་དབང་འདུས་ཀྱིས་སླབ་མི་ནང་ སྨྱོ་རྫས་བརྟག་དཔྱད་འདི་ ཆབ་གསང་བསྡུསཔ་གི་དཔེ་ཚད་ལེན་ཏེ་ དུས་ཡུན་སྐར་མ་༤་དེ་ཅིག་གི་ནང་ལུ་རང་ འགོ་འདྲེན་འཐབ་ཚར་ནི་ཨིནམ་མ་ཚད་ ཅ་ཆས་འདི་གིས་ སྨྱོ་རྫས་ལྷམ་པ་མ་འདྲཝ་༡༠་དེ་ཅིག་ བརྟག་དཔྱད་འབད་ཚུགས་ཟེར་བཤད་ཅི།

ཞི་གཡོག་ཆོས་རྒྱུགས་མཐར་འཁྱོལ་མི་ཚུ་གིས་ སྨྱོ་རྫས་སྤྱོད་དེ་ཡོདཔ་སྦེ་བདའ་ཟུན་པ་ཅིན་ ལཱ་གཡོག་གི་གོ་སྐབས་འདི་ ཞི་གཡོག་ཆོས་རྒྱུགས་ཀྱི་གནས་རིམ་དང་འཁྲིལ་ཏེ་ ཤུལ་མའི་མི་ངོམ་འདི་ལུ་ འབྱིན་ནི་སྦེ་འདུག

འདི་འབདཝ་ལས་ སྨྱོ་རྫས་སྤྱོད་དེ་ཡོདཔ་སྦེ་མཐོང་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་འདི་གིས་ སྔོན་འགྲོའི་ཆོས་རྒྱུགས་ལས་འགོ་བཙུགས་ཏེ་ ཞི་གཡོག་གི་ཆོས་རྒྱུགས་འདི་ཚུ་ འགོ་ལས་རང་ འགོ་བཙུགས་དགོ་ནི་ཨིན་མས།

ད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྨྱོ་རྫས་བརྟག་དཔྱད་འབད་དགོ་པའི་ལམ་ལུགས་འདི་ སང་ཕོད་ལས་ ཞི་གཡོག་ནང་ལུ་འཛུལ་མི་ག་ར་གིས་ ངེས་པར་དུ་ འབད་དགོཔ་སྦེ་ བཟོ་ནི་སྦེ་འདུག