གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ས་ཞིང་ཚུ་ ཉམས་སྲུང་དང་ལྡནམ་སྦེ་ སྤྱོད་དགོཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

 

༉ འབྲུག་པའི་མི་སེར་སོ་ནམ་པ་ཚུ་གིས་ རྒྱལ་ཁབ་ནང་ལུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་དང་ ཡུན་བརྟན་སོ་ནམ་གྱི་དམིགས་ཡུལ་ཚུ་ ཉམས་སྲུང་དང་ལྡན་པའི་ སོ་ནམ་ལཱ་གི་སྲོལ་ ལེགས་ཤོམ་ཡོད་མི་འདི་ རང་བཞིན་གྱི་སོ་ནམ་གྱི་ལཱ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ སྒྲུབ་ཚུགས་ནི་ཨིན་མས།

འདི་ཡང་ སྤ་རོ་ལུ་སྦེ་ ཉམས་སྲུང་དང་ལྡན་པའི་སོ་ནམ་ལཱ་གི་དོན་ལུ་ གྲོས་བསྟུན་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ ལྷོ་ཨེ་ཤི་ཡ་ནང་འཁོད་ལས་ མཁས་པ་ཚུ་གིས་ བཤད་དེ་ཡོདཔ་ཨིན།

ཉམས་སྲུང་དང་ལྡན་པའི་ སོ་ནམ་གྱི་ལཱ་ཟེར་མི་འདི་ ལོ་ཐོག་གི་ཐོན་ཤུགས་ཡར་སེང་འབད་དེ་ ཡུན་བརྟན་གི་དོན་ལུ་ མཐའ་འཁོར་གནས་སྟངས་ ཉམས་སྲུང་འབད་བའི་ཁར་ ས་ཞིང་གི་ བཅུད་ཉམས་མ་བཅུག་པར་ ས་ཞིང་འཛིན་སྐྱོང་འཐབ་མི་འདི་ལུ་གོཝ་ཨིན་མས།

སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བའི་ ལས་རིམ་མདོ་ཆེན་ པདྨ་ཆོས་འཕེལ་གྱིས་སླབ་མི་ནང་ སོ་ནམ་གྱི་ལཱ་ཚུ་ གཞི་རྩ་གསུམ་གྱི་ཐོག་ལས་ མ་འོངས་ཡུན་བརྟན་གྱི་དོན་ལུ་ ཉམས་སྲུང་དང་ལྡནམ་སྦེ་འབད་དགོ་ཟེར་ཨིན་མས།

འདི་ཡང་ གཞི་རྩ་དང་པ་འདི་ སོ་ནམ་གྱི་ལཱ་ཚུ་འབད་བའི་སྐབས་ ས་ཞིང་ལུ་ གནོད་པ་དེ་ཅིག་རང་མེདཔ་སྦེ་འབད་ནི་དང་ ས་བཅུད་ཉམས་མ་བཅུག་པར་ བཞག་ནི་གི་དོན་ལས་ ལོ་ཐོག་ལྷག་ལུས་ཚུ་ ཞིང་ནང་རང་བཞག་ནི་དེ་ལས་ ལོ་ཐོག་ཚུ་ ས་ཞིང་སོ་ཡི་རང་བཏབ་ནི་འདི་ཨིན་མས།

ཉིན་གྲངས་གསུམ་གྱི་ གྲོས་བསྟུན་ཞལ་འཛོམས་འདི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ སོ་ནམ་ལྟེ་བ་དང་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་ དེ་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ སོ་ནམ་དང་ནགས་ཚལ་ལས་སྡེ་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ འགོ་འདྲེན་འཐབ་ནུག