གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

རྒྱ་གར་ལས་ནང་འདྲེན་མི་ ཅ་ཆས་ཀྱི་གོང་ཚད་ཚུ་ མར་ཕབ་འགྱོ་ནི་ཨིནམ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

༉ རྒྱ་གར་རྒྱལ་ཁབ་ནང་ལས་ ནང་འདྲེན་འབད་མི་ ཅ་ཆས་ཀྱི་གོང་ཚད་ཚུ་ ད་ལས་ཕར་ བརྒྱ་ཆ་༢༨ཚུན་ མར་ཕབ་འགྱོ་ནི་ཨིན་མས།

འདི་ཡང་ ཁ་ཉིནམ་ བསྟན་རྒྱས་ལྷན་ཁག་འོག་གི་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ནང་ལས་ བཀོད་བྱ་ཅིག་བཏང་ཡོད་མི་དང་འཁྲལ་ཏེ་ཨིན་མས།

ཅ་ཆས་ཀྱི་གོང་ཚད་ཚུ་ དེ་སྦེ་ མར་ཕབ་འགྱོ་མི་འདི་ཡང་ རྒྱ་གར་རྒྱལ་ཁབ་ནང་ལུ་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་བཀལ་ནི་ འགོ་བཙུགས་མི་ལུ་བརྟེན་ཏེ་ཨིན་མས།

གསལ་བསྒྲགས་དང་འཁྲིལཔ་ད་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཅ་ཆས་འདི་ཚུ་ ཕྱིའི་ཚོང་ལམ་ནང་ལས་མེན་པར་ རྒྱ་གར་ལུ་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ནང་ལུ་ ཐོ་བཀོད་འབད་དེ་ཡོད་མི་ཚུ་ནང་ལས་ ནང་འདྲེན་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ ཅ་ཆས་ག་ར་གི་གོང་ཚད་ཚུ་ མར་ཕབ་འགྱོ་འོང་ཟེར་ཨིན་མས།

འཕྲལ་ཁམས་ཅིག་ཁར་ གཞུང་དང་སྒེར་སྡེ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ཚོགས་པའི་སྐབས་ལུ་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་བཀོད་མི་ནང་ རྒྱ་གར་རྒྱལ་ཁབ་ནང་ལས་ མང་སུ་ཅིག་ནང་འདྲེན་འཐབ་མི་ ཅ་རྣམ་གྱི་རིགས་༡༠གི་གོང་ཚད་འདི་ སྤྱིར་སྙོམས་ལུ་ བརྒྱ་ཆ་༡༤དེ་ཅིག་གི་ མར་ཕབ་འགྱོ་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ ཟ་སྤྱོད་ཀྱི་ ཅ་ཆས་ཚུ་གི་གོང་ཚད་འདི་ བརྒྱ་ཆ་༥དེ་ཅིག་གི་ མར་ཕབ་འགྱོ་བའི་རེ་བ་ཡོདཔ་ཨིན་མས། ཨིན་རུང་ མཁོ་ཆེ་བའི་ ཅ་རྣམ་གྱི་རིགས་ཚུ་ལུ་ ད་རེས་ཚུན་ཚོད་ཡང་ ཁྲལ་མ་ཕོགཔ་སྦེ་འབད་ནི་འདི་གིས་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ལས་བརྟེན་ གོང་ཚད་འདི་ལུ་ ཁྱད་པར་ག་ནི་ཡང་མི་འབྱུང་ནི་ཨིན་མས།

ནང་འདྲེན་འཐབ་མི་ཚུ་དང་ བཀྲམ་སྤེལ་འབད་མི་ དེ་ལས་ སིལ་ཚོང་དང་ སྦུང་ཚོང་འཐབ་མི་ཚུ་གིས་ ཉོ་སྤྱོད་འབད་མི་ཚུ་ལུ་ གོང་ཚད་ཀྱི་ཐད་ཁར་ བརྡ་དོན་འཛོལ་ཏེ་སྦེ་བྱིན་ནི་མེདཔ་ ངེས་གཏན་བཟོ་ནི་འདི་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ལུ་ འགན་ཁུར་ཕོག་སྟེ་ཡོདཔ་ཨིན།

འདི་ལུ་མ་གནས་པའི་ལཱ་འབད་མི་ཚུ་ལུ་ ཅ་ཆས་ཀྱི་གོང་ཚད་དང་མཉམ་པའི་ ཉེས་བྱ་སྐྱེལ་ནི་ཨིནམ་མ་ཚད་ ཚོང་གི་ལག་ཁྱེར་ཡང་ ཆ་མེད་བཏང་ནི་ཨིན་མས།

གཞུང་གིས་ ཅ་ཆས་ཚུ་གི་ གོང་ཚད་མར་ཕབ་འབད་མི་གི་ཁེ་ཕན་འདི་ ཉོ་སྤྱོད་འབད་མི་ཚུ་ལུ་ བྱུང་དགོཔ་སྦེ་ ལྷན་ཁག་ལུ་ བཀོད་བྱ་གནང་ཡོདཔ་ཨིན།