གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

ཕུན་ཚོགས་གླིང་གི་ ཚོད་བསྲེ་བཙོང་སའི་ས་སྒོ་ནང་ལུ་ དྲིམ་ཁམས་ལོག་སི་སི་མེདཔ།

སྤྱི་ཟླ་༧ པའི་ཚེས་ ༣༡ ༢༠༡༧

༉ ཕུན་ཚོགས་གླིང་གི་ ཚོད་བསྲེ་བཙོང་སའི་ས་སྒོ་ནང་ལུ་ ཕྱགས་སྙིགས་ཚུ་རུལ་མི་ལུ་བརྟེན་ དྲིམ་ཁམ་ལོག་སི་སི་སྣམ་དོ་ཡོད་པའི་དཀལ་ངལ་འདི་ སེལ་ཚུགས་ཏེ་འདུག

འདི་ཡང་ ཁྲོམ་སྡེ་གི་ཁ་ཐུག་ལས་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནི་གི་ལས་རིམ་ཅིག་ འགྲེན་འཐབ་པའི་ཤུལ་ལུ་ཨིན་མས།

ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ འཕྲལ་ཁམས་ཅིག་ལས་ རུལ་བཏུབ་མི་དང་ རུལ་མ་བཏུབ་པའི་ཕྱགས་སྙིགས་འདི་ཚུ་ ཕྱགས་སྙིགས་ཐོན་སའི་ས་སྒོ་ནང་ལས་ར་ ཕྱི་སེལ་བརྐྱབ་ནི་འགོ་བཙུགས་ནུག

འདི་ཡང་ ཁྲོམ་སྡེའི་ཕྱགས་སྙིགས་བསྡུ་མི་ སྣུམ་འཁོར་འདི་གིས་ དྲོ་པ་ཨ་རྟག་ར་ ཚོད་བསྲེ་བཙོང་མི་ཚུ་གིས་ ཕྱི་སེལ་བརྐྱབ་ཏེ་ཡོད་པའི་ ཕྱགས་སྙིགས་ཚུ་བསྡུ་དོ་ཡོདཔ་ལས་ ས་གནས་འདི་ནང་ལུ་ ཕྱགས་སྙིགས་ག་ལྷོད་བཀོག་མི་གི་གནད་དོན་ མར་ཕབ་འབད་ནི་ལུ་ ལྷན་ཐབས་བྱུང་སྟེ་ཡོདཔ་ཨིན།

རུལ་བཏུབ་པའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ག་ར་ ཁྲོམ་ཁ་ལས་ ཀི་ལོ་མི་ཀྲར་༧དེ་ཅིག་གི་ས་ཁར་ཡོད་པའི་ ཕྱགས་སྙིགས་བཀོག་སའི་ས་སྒོ་ནང་ལུ་ སྐྱེལ་ཞིནམ་ལས་ འདི་ནང་ལས་ ལུད་བཟོ་ནི་གི་འཆར་གཞི་འདུག

འདི་བཟུམ་སྦེ་ ཁྲོམ་སྡེ་གིས་ མ་འོངས་པའི་ནང་ ཁྱིམ་ནང་ལས་འཐོན་པའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ཡང་ ཕྱི་སེལ་བརྐྱབ་ནི་གི་ལས་རིམ་ འགོ་བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་མས།