གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

འབྲུག་ཀུན་ཕན་ཚོགས་པ་འདི་ སྲིད་དོན་ཚོགས་པ་ཅིག་འབད་ཐོ་བཀོད་གྲུབ་མ་ཚུགས་པས།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༧

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་ཀུན་ཕན་ཚོགས་པ་གིས་ སྲིད་དོན་ཚོགས་པ་ཅིག་སྦེ་ ཐོ་བཀོད་འབད་ནི་གི་ ཞུ་ཡིག་བཙུགས་མི་འདི་ ཆ་མེད་བཏང་ནུག

བཙག་འཐུ་ལྷན་ཚོགས་དང་འཁྲིལ་བ་ཅིན་ ཚོགས་པ་འདི་ཚུ་ལུ་ བརྟག་ཞིབ་དང་ དུས་ཚོད་ལངམ་སྦེ་ར་བྱིན་ཏེ་འབད་རུང་ ཞུ་ཡིག་ནང་ལུ་ ཁ་གསལ་ཅིག་ ག་ནི་ཡང་བཀོད་མ་ཚུགས་པས་ཟེར་ཨིན་མས།

ད་རུང་ ཚོགས་པ་འདི་ འགོ་འཁྲིདཔ་གི་ལྕོགས་གྲུབ་དང་ ལྗོན་ཐངས་ཅན་ དེ་ལས་ ཐོ་བཀོད་གྲུབ་པའི་ སྲིད་དོན་ཚོགས་པ་ཅིག་སྦེ་ འགན་ཁུར་འབག་ཚུགས་ནི་གི་ གྲ་སྒྲིག་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིན་མས།

འབྲུག་ཀུན་ཕན་ཚོགས་པ་གཞི་བཙུགས་འབད་མི་ འཇིགས་མེད་འབྲུག་པ་གིས་སླབ་མི་ནང་ ཁོ་གི་ཚོགས་པ་ཐོ་བཀོད་གྲུབ་མ་ཚུགས་མི་འདི་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་བཅའ་ཁྲིམས་དང་མ་འཁྲིལ་བར་ ཕུལ་ནི་འདི་གིས་ཨིན་མས་ཟེར་བཤད་ཅི།

འདི་ཡང་ ཚོགས་པ་འདི་གིས་ ཁོང་རའི་བཀའ་ཁྲིམས་འདི་ ཟིན་བྲིས་སྦེ་ཕུལ་ཡོདཔ་མ་ཚད་ འདེམས་ངོ་ཚུ་གི་ཐོ་ཡང་ གཏན་གཏན་ཅིག་མེད་ནི་འདི་གིས་ཨིན་མས།

ཨིན་རུང་ འཇིགས་མེད་འབྲུག་པ་གིས་སླབ་མི་ནང་ ཁོ་གིས་ ད་རུང་རང་ སྲིད་དོན་ཚོགས་པ་གསརཔ་ཅིག་ལོག་བཟོ་ནི་ཨིནམ་མ་ཚད་ ཚོགས་པའི་གཙོ་འཛིན་འདི་ཡང་ མི་ག་ར་གི་ ངོ་ཤེས་མི་ཅིག་ར་ བསྐོས་ནི་ཟེར་བཤད་ཅི།

 ཁོ་གིས་ ཚོགས་པའི་གཙོ་འཛིན་ག་བསྐོས་ནི་ཨིན་ན་འདི་ མིང་མ་བཏོན་ཏེ་འབད་རུང་ ཤུལ་མའི་ཟླཝ་ནང་ དུས་ཚོད་ད་རེས་བཟུམ་ཅིག་ལས་ ཚོགས་པའི་གཙོ་འཛིན་གསརཔ་འདི་ གསལ་བསྒྲགས་འབད་འོང་ཟེར་ཨིན་མས།

ད་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ལུ་ མགྱོགས་པ་ར་ ཐོ་བཀོད་འབད་ནི་སྦེ་ཡོད་མི་ ཚོགས་པ་གཞན་མི་ཅིག་འདི་ འབྲུག་དགའ་སྐྱིད་ཚོགས་པ་འདི་ཨིན།

འབྲུག་དགའ་སྐྱིད་ཚོགས་པ་གཞི་བཙུགས་འབད་མི་ ཆོས་སྐུ་འབྲུག་པ་གིས་སླབ་མི་ནང་ ཁོང་གི་ཚོགས་པའི་བཀའ་ཁྲིམས་འདི་ བཟོ་ཚར་ཏེ་ཡོདཔ་མ་ཚད་ ཡིག་ཚང་ནང་ལུ་ལཱ་འབད་མི་ཚུ་ཡང་ ངོས་འཛིན་འབད་དེ་ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ རྒེད་འོག་རེ་གི་ནང་ལས་ འཐུས་མི་ཉུང་ཤོས་རང་༡་དང་༢་རེ་ཐོབ་ནི་གི་དམིགས་གཏད་སྐྱེད་མི་འདི་ཡང་ ཧ་ལམ་གྲུབ་དོ་ཟེར་ཨིན་པའི་ཁར་ ཚོགས་པའི་གྲོས་འཛོམས་འགོ་དང་པ་འདི་ཡང་ ཤུལ་མའི་བདུན་ཕྲག་གཉིས་ཀྱི་རྒྱབ་ལས་ ཚོགས་ནི་སྦེ་ཡོད་ཟེར་ཨིན་མས།

ཆོས་སྐུ་འབྲུག་གིས་སླབ་མི་ནང་ ཁོང་གི་ཚོགས་པ་འདི་ ཐོ་བཀོད་ཀྱི་དོན་ལུ་ ལཱ་འདི་ཚུ་ག་ར་མཇུག་བསྡུ་བའི་ཤུལ་ལས་རྐྱངམ་ཅིག་ བཙག་འཐུ་ལྷན་ཚོགས་ལུ་ ཞུ་ཡིག་བཙུགས་ནི་སྦེ་ཡོད་ཟེར་བཤད་ཅི།