གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

མེ་རག་ལུ་ ལུག་འཚོ་མི་ཉམས་འགྱོ་སྟེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༧

༉ བཀྲིས་སྒང་རྫོང་ཁག་ མེ་རག་རྒེད་འོག་ནང་ལུ་ ལུག་གསོ་སྐྱོང་འཐབ་མི་གི་གྱངས་ཁ་འདི་ མར་ཕབ་འགྱོ་དོ་ཡོདཔ་ཨིན།

འདི་འབདཝ་ལས་ མེ་རག་རྒེད་འོག་ནང་ལུ་ ད་རེས་ ཁྱིམ་གུང་པ་དག་པ་ཅིག་གིས་རྐྱངམ་ཅིག་ ལུག་གསོ་སར་མཐོང་དོ་ཡོདཔ་ད་ འདི་ཡང་ ཁོང་རའི་དོན་ལས་ བལ་གྱི་མཁོ་འདོད་གྲུབ་ནི་གི་དོན་ལས་ལས་རྐྱངམ་ཅིག་ཨིན་མས།

མི་སེར་ཚུ་གིས་ ལུག་གསོ་སྐྱོང་འཐབ་ནི་ལུ་ སྤྲོ་བ་གནམ་མེད་ས་མེད་ཅིག་མ་སྐྱེད་མི་འདི་ཡང་ ལུག་གསོ་སྐྱོང་འཐབ་པའི་སྐབས་ལུ་ ལཱ་ཐེབས་ཅིག་ར་འབད་དགོ་པའི་ཁར་ རྩྭ་འབྲོག་ཡང་ལངམ་སྦེ་ མེད་མི་ལས་བརྟེན་ཏེ་ཨིན་མས།

མི་སེར་ཚུ་གིས་སླབ་མི་ནང་ གཡག་གསོ་སྐྱོང་འཐབ་ནི་དང་འཕྱདཔ་ད་ ལུག་གསོ་སྐྱོང་འཐབ་ནི་འདི་ ལཱ་ཐེབས་ཅིག་ར་འདུག་ཟེར་བཤད་ཅི།

འདི་མ་ཚད་ ལ་ལོ་ཅིག་གིས་སླབ་མི་ནང་ ས་གནས་ནང་ལུ་ མི་ཚུ་གིས་ སྲུང་སྐྱོབས་ཀྱི་དོན་ལས་སྦེ་ གསོ་དོ་ཡོད་མི་ འབྱོགཔ་ཁྱི་ཚུ་གིས་ ལུག་ཚུ་ལུ་ གནོདཔ་སྐྱེལ་ནི་གི་ཉེན་ཁ་འདུག་ཟེར་ཨིན་མས།

མེ་རག་རྒཔོ་ བླ་མ་རིན་ཆེན་གྱིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ རྩྭ་འབྲོག་ལངམ་སྦེ་ཡོད་ནི་འདི་གིས་ མི་ཚུ་གིས་ ལུག་ལེ་ཤ་སྦེ་གསོ་སྐྱོང་འཐབ་ཏེ་ གནམ་དགུན་ལུ་ ལུག་དང་ཅིག་ཁར་ ས་ཁ་དམའ་ས་ལུ་ གནས་སྤོ་སྟེ་ འོང་སྲོལ་ཡོད་ཟེར་ཨིན་མས།

རྫོང་ཁག་སྒོ་ནོར་འགོ་དཔོན་གྱི་ར་འབད་རུང་ མེ་རག་རྒེད་འོག་ནང་ལུ་ ལུག་གསོ་སྐྱོང་འཐབ་མི་ མར་ཕབ་འགྱོ་དོ་ཡོད་མི་འདི་ བདེན་ཟེར་ཨིནམ་ལས་ ཡིག་ཚང་གི་ཁ་ཐུག་ལས་ ལུག་གསོ་སྐྱོང་འཐབ་མི་འདི་ ལོག་སྟེ་ར་ རྒྱ་སྐྱེད་བཏང་ནི་གི་ འཆར་གཞི་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ འཕྲལ་ཁམས་ཅིག་ཁར་ བློན་ཆེན་ རྒེད་འོག་འདི་ནང་ལུ་ གཟིགས་བསྐོར་ནང་བྱོན་པའི་སྐབས་ རྒེད་འོག་གི་མི་སེར་ཚུ་གི་དོན་ལས་ ལུག་༦༠་ཡང་ཐོབ་ནུག