གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

དབྱར་རྩྭ་དགུན་འབུབ་ཀེ་ཇི་རེ་ལུ་ གོང་ཚད་མཐོ་ཤོས་དངུལ་ཀྲམ་ས་ཡ་༢་ལྷགཔ་ཅིག་ཐོབ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༩ ༢༠༡༧

༉ དབང་འདུས་ཕོ་བྲང་ སྲས་ཕུག་གི་ དབྱར་རྩྭ་དགུན་འབུབ་རིན་བསྡུར་འབད་སའི་ས་སྒོ་ནང་ལུ་ དུས་ཅི་  སྤུས་ཚད་ལེགས་མི་འབུབ་འདི་གིས་ གོང་ཚད་མཐོ་ཤོས་རང་ དངུལ་ཀྲམ་ས་ཡ་༢་ལྷགཔ་ཅིག་ཐོབ་ཅི།

འདི་བཟུམ་སྦེ་ གོང་ཚད་ཉུང་ཤོས་རང་ དབྱར་རྩྭ་དགུན་འབུབ་ཀེ་ཇི་རེ་ལུ་ དངུལ་ཀྲམ་འབུམ་༢་དང་སྟོང་ཕྲག་༦༠་རེ་ ཐོབ་མི་འདི་ཨིན་མས།

ན་ཧིང་དང་ཕྱདཔ་ད་ དུས་ཅི་ དབྱར་རྩྭ་དགུན་འབུབ་གི་གོང་ཚད་འདི་ ལེ་ཤཱ་གིས་དྲག་དོ་ཡོད་རུང་ མི་ཚུ་གིས་ འབུབ་འདི་ དེ་ཅིག་རང་ ཐོབ་མ་ཚུགས་པར་ཡོདཔ་ཨིན་མས།

སྲས་ཕུག་གི་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ དབྱར་རྩྭ་དགུན་འབུབ་ དེ་ཅིག་རང་ཐོབ་མ་ཚུགས་མི་འདི་ འཐུ་མི་རང་མང་ནི་འདི་གིས་ཨིན་ན་ ཡང་ན་ དབྱར་རྩྭ་དགུན་འབུབ་འདི་རང་ ཡལ་འགྱོཝ་ཨིན་ན་ སླབ་མི་ཤེས་པས་ཟེར་བཤད་ཅི།

 དབྱར་རྩྭ་དགུན་འབུབ་རིན་བསྡུར་འབད་ས་ལུ་ དབྱར་རྩྭ་དགུན་འབུབ་བཙོང་པར་འབག་འོང་མི་འདི་ཡང་ མི་ཡུདཔ་ཅིག་ ཕྱད་ཀ་དེ་ཅིག་རྐྱངམ་ཅིག་ཨིན་མས།

གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ མི་སེར་མང་ཤོས་ཅིག་གིས་རང་ དབྱར་རྩྭ་དགུན་འབུཔ་འདི་ ལ་ཁ་ལུ་ འབུབ་འཐུ་འབད་སྡོད་པའི་སྐབས་ལུ་རང་ བཙོང་དོ་ཡོདཔ་སྦེ་ཨིན་མས།

དབང་འདུས་ཕོ་བྲང་ སྲས་ཕུག་གི་མི་ཚུ་གིས་ དབྱར་རྩྭ་དགུན་འབུབ་འདི་ཡང་ སྤྱི་ཟླ་༦་པ་དང་༧་པ་ནང་ལུ་ འཐུ་དོ་ཡོདཔ་ཨིན།

དབྱར་རྩྭ་དགུན་འབུབ་འདི་ སྲས་ཕུག་རྒེད་འོག་གི་མི་སེར་ཚུ་གི་དོན་ལས་ འོང་འབབ་གི་གཞི་ ངོ་མ་ཅིག་ཨིན་མས།