གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཨ་མོ་ཆུ་གུ་གི་ཟམ་རྐྱབ་ཚར་ཏེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༩ ༢༠༡༧

༉ བསམ་རྩེ་ བདེན་ཆུ་ཁ་རྒེད་འོག་ནང་ལུ་ ཨ་མོ་ཆུ་གུ་ལས་ སྣུམ་འཁོར་ཐལ་བའི་ཟམ་རྐྱབ་འཕྲོ་འབད་ཡོད་མི་འདི་ ད་རེས་ གྲུབ་སྟེ་ཡོདཔ་ལས་ མི་སེར་ཚུ་ སེམས་དགའ་སྟེ་འདུག

མི་ཚུ་གིས་སླབ་མི་ནང་ ད་ལྟོ་ཚུན་ཚད་ སྣུམ་འཁོར་ཐལ་བའི་ཟམ་ཅིག་ མེད་ནི་འདི་གིས་ ཁོང་ཆ་ཁྱབ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ཁུར་ཆ་རྒལ་པར་འབག་སྟེ་ རྐང་སྟོང་སྦེ་འགྱོ་དགོཔ་ཐོན་ཡོདཔ་ལས་ གནམ་མེད་ས་མེད་དཀའཝ་སྤྱོད་ཅི་ཟེར་ཨིན་མས།

ཨིན་རུང་ ད་རེས་ ཟམ་འདི་ནང་ལས་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནི་འགོ་བཙུགས་ཏེ་ཡོདཔ་མ་ཚད་ འཁོར་ལམ་ཡང་ གཡུས་ཁ་ཚུན་རང་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་ཡར་སོང་ཡི་ཟེར་བཤད་ཅི།

བདེན་ཆུ་ཁ་ཟམ་གསརཔ་འདི་ཡང་ བརྒྱུད་འབྲེལ་བློན་པོ་ དྲི་ཨེན་དུང་གེལ་གྱིས་ འགོ་འབྱེད་མཛད་གནང་སྟེ་ཡོདཔ་ཨིན།

ཟམ་འགོ་འབྱེད་རྟེན་འབྲེལ་བརྩི་ས་ལུ་ བདེན་ཆུ་ཁ་དང་ རྡོ་ཕུག་ཅན་ དེ་ལས་ དུམ་སྟོད་རྒེད་འོག་གསུམ་གྱི་མི་སེར་ཚུ་འོང་ནུག

 རྡོ་རོ་ཁ་དྲུང་པ་ ཀརྨ་འགྱུར་མེད་ཀྱིས་སླབ་མི་ནང་ ན་ཧིང་ ཟམ་རྐྱབ་འཕྲོ་སྦེ་སྡོདཔ་ད་ ཚར་ཅིག་ ཧྲམ་འགྱོ་སྟེ་ ལས་མི་དག་པ་ཅིག་ལུ་ ཤི་རྐྱེན་ཡང་བྱུང་ཡོདཔ་ཨིན་རུང་ ཁག་འབགཔ་འདི་གིས་ རྩ་འགེངས་ཏེ་རང་འབད་ཡོདཔ་ལས་ གྲུབ་འབྲས་འདི་ ད་རེས་ཐོན་ཏེ་ཡོད་ཟེར་བཤད་ཅི།

བསམ་རྩེ་ ཨ་མོ་ཆུ་གུ་ལས་ བདེན་ཆུ་ཁ་ཟམ་བརྐྱབ་ནི་གི་ལཱ་འགོ་བཙུགས་ཏེ་ ལོ་ལྔ་ལྷགཔ་ཅིག་ ལང་སོང་ནུག

ཟམ་འདི་གིས་ བདེན་ཆུ་ཁ་རྒེད་འོག་གི་ཁྱིམ་གུང་༦༠༠་དེ་ཅིག་ ས་གནས་གཞན་ཚུ་དང་མཐུད་འབྲེལ་འབདཝ་ཨིན་མས།