གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ནང་ལུ་ ཨ་ལོ་སྐྱེས་ལོ་༣་ལས་དམན་ཆད་བཙུགས་ནི་འདི་ འོས་འབབ་མེདཔ།

སྤྱི་ཟླ་༧ པའི་ཚེས་ ༢༩ ༢༠༡༧

  ༉ ད་རེས་ཡོད་པའི་ ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ལས་རིམ་གྱི་ལམ་སྟོན་འདི་ ཨ་ལོ་སྐྱེས་ལོ་༣་དང་ འདི་གི་ཡན་ཆད་འབད་མི་ཚུ་གི་དོན་ལས་རྐྱངམ་ཅིག་ ཨིན་མས།

ཨིན་རུང་ ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ཚུ་ནང་ལས་ཕར་ ཨ་ལོ་ཟླཝ་༩་འབད་མི་ཚུ་ཡང་ བཙུགས་བཞག་དོ་ཡོདཔ་ཨིན་མས།

ཨ་ལོའི་ཕམ་ཚུ་གིས་སླབ་མི་ནང་ ད་རེས་ནངས་པར་ བུ་རྫིསཔ་ཐོབ་ནི་འདི་ ལཱ་ཁག་ཡོདཔ་མ་ཚད་ ཐོབ་རུང་རང་ ལྟེ་བ་ནང་ལུ་བཙུགས་མི་དང་ བུ་རྫིསཔ་ལུ་དངུལ་ཕོགས་འབྱིན་མི་འདི་ཕྱདཔ་ད་ ཟད་འགྲོ་འདི་ ཨ་ལོ་ཚུ་ ལྟེ་བ་ནང་ལུ་བཞག་མི་འདི་དྲག་པས་ཟེར་བཤད་ཅི།

ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ནང་ལུ་བཞག་མི་ ཨ་ལོ་ཚུ་ལུ་ ཨོམ་འདི་ཡང་ ཉིནམ་རེ་ནང་ ཚར་༢་དང་༣་དེ་རེ་ འབྱིན་པར་འོངམ་ཨིན་མས།

ཤེས་རིག་ལྷན་ཁག་འོག་གི་ ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ལས་ཚན་ནང་ལས་ ལས་རིམ་འགོ་འདྲེན་པ་ ཀརྨ་དགེ་ལེགས་ཀྱིས་སླབ་མི་ནང་ ཨ་ལོ་སྐྱེས་ལོ་༣་དམན་ཆད་འབད་མི་ཚུ་གི་དོན་ལས་ ལམ་སྟོན་འདི་ཚུ་ ཚུལ་མཐུན་སྦེ་མེད་པར་ གཅེས་སྐྱོང་ལྟེ་བ་ཚུ་ནང་ལས་ཕར་བཏང་ནི་འདི་ འོས་འབབ་ཅིག་རྩ་ལས་རང་མེད་ཟེར་ཨིན་མས།

འདི་ཡང་ ལོ་ཚད་མ་འདྲཝ་ནང་འབད་མི་ཨ་ལོ་ཚུ་ འཕྲོད་བསྟེན་དང་ཟས་བཅུད་ དེ་ལས་ ལྕོགས་གྲུབ་དང་ ལྷབ་ནི་གི་དངས་འདོད་ཡང་ མི་འདྲ་ནི་འདི་གིས་ཨིན་ཟེར་བཤད་ཅི།

ཨ་ལོའི་གཅེས་སྐྱོང་པ་ཚུ་གིས་རང་འབད་རུང་ སྐྱེས་ལོ་༣་གྱི་དམན་ཆད་འབད་མི་ཨ་ལོ་ཚུ་ བདག་འཛིན་འཐབ་ནི་འདི་ གདོང་ལེན་སྦོམ་སྦེ་རང་འདུག་ཟེར་ཨིན་མས།

ཨིན་རུང་ ཨ་ལོ་ལོ་ཚད་༣་ལས་དམན་ཆད་འབད་མི་ཚུ་གི་དོན་ལས་ ལམ་སྟོན་འདི་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ ཟིན་བྲིས་བཏབ་པའི་བསྒང་འདུག

ལམ་སྟོན་འདི་ཡང་ ཨ་ལོ་སྐྱེས་བཞིནམ་ལས་ སློབ་གྲྭ་ནང་ལུ་མ་འགྱོ་ཚུན་གྱི་བར་ན་ གོང་འཕེལ་ལུ་རྒྱབ་སྐྱོར་འབད་ཚུགས་པའི་ཐབས་ལུ་ ཟིན་བྲིས་བཏབ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ ད་རེས་ ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་འདི་༣༠༠་ལྷགཔ་ཅིག་ཡོདཔ་ད་ འབྲུག་ལུ་ ལྟེ་བ་འདི་ཡང་ སྤྱི་ལོ་༢༠༠༤་ལས་འགོ་བཙུགས་ནུག