གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ནང་འཁོད་ཀྱི་སྦྱང་གི་ཚོང་འབྲེལ་ཡར་སེང་བཏང་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༧

༉ རྒེད་འོག་རེ་འཐོན་ཁུངས་རེ་གི་ལས་རིམ་གྱིས་ ད་རེས་ ཐོན་སྐྱེད་ཚུ་གི་གྲལ་ལས་ མང་ཤོས་ཅིག་རང་ འབྲུག་པའི་སྦྱང་འདི་ བཙོང་ཚུགས་ཏེ་འདུག

སྦྱང་དེ་སྦེ་ཚོང་འབྲེལ་འཐབ་ཚུགས་མི་འདི་གིས་ མི་སེར་སོ་ནམ་པ་ཚུ་ལུ་ གསེར་སྦྱངམ་གསོ་སྐྱོང་འབད་དེ་ འོང་འབབ་ཡར་དྲག་བཏང་ནི་ནང་ ཕན་ཐོག་འབྱུང་སྟེ་ ཡོདཔ་ཨིན་མས།

ད་རུང་ སྦྱང་གི་ཚོང་འབྲེལ་འདི་ ཧེང་སྐལ་རང་ ཡར་དྲག་བཏང་ནི་གི་དོན་ལས་ རྒྱལ་བཙུན་ལས་འགུལ་ཡིག་ཚང་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ལས་ གསེར་སྦྱང་གསོ་སྐྱོང་འཐབ་མི་ མཉམ་ལས་ཚོགས་པའི་འཐུས་མི་ཚུ་ལུ་ ཉིནམ་གསུམ་གྱི་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་ཅི།

སྦྱོང་བརྡར་གྱི་སྐབས་ལུ་ གསེར་སྦྱང་གསོ་སྐྱོང་འཐབ་མི་དང་ སྒོ་ནོར་འགོ་དཔོན་ཚུ་གིས་ གནས་ཚད་གཅིག་མཚུངས་སྦེ་ བཟོ་ནི་གི་ཐབས་ལམ་དང་ སྦྱང་གི་ཐོན་ཤུགས་ཡར་དྲག་བཏང་ནི་གི་སྐོར་ལས་ གྲོས་བསྟུན་ཚུ་འབད་ཡི།

ལས་རིམ་འདི་ནང་ལུ་གྲལ་ཁར་གཏོགས་མི་ཚུ་གིས་སླབ་མི་ནང་ སྦྱོང་བརྡར་འདི་ནང་ལས་ཐོབ་མི་ཡོན་ཏན་དང་རིག་པ་འདི་ཚུ་ གཞན་མི་འཐུས་མི་ཚུ་ལུ་ཡང་ བཤད་འབྱིན་ནི་སྦེ་ཡོད་ཟེར་ཨིན་མས།

རྒྱལ་བཙུན་ལས་འགུལ་ཡིག་ཚང་གི་འགོ་འཛིན་ གཟིམ་དཔོན་འོགམ་བཀྲིས་ཀྱིས་སླབ་མི་ནང་ སྦྱང་གི་ཐོན་ཤུགས་གནས་ཚད་མཐོ་དྲག་སྦེ་བཟོ་ཐབས་ལུ་ ཧེ་མ་དང་དེང་སང་གི་ཐབས་ལམ་གཉིས་ སླ་བསྲེ་རྐྱབ་དགོཔ་འདི་ ཁག་ཆེ་བས་ཟེར་བཤད་ཅི།

གསེར་སྦྱང་གསོ་སྐྱོང་གི་ལཱ་འབད་མི་ མཉམ་ལས་སྡེ་ཚན་ཚུ་གིས་ ད་རེས་ ཐོན་སྐྱེད་འདི་ཚུ་ རྒེད་འོག་རེ་འཐོན་ཁུངས་རེ་ལུ་ བཙོངམ་ཨིན་མས།

རྒེད་འོག་རེ་འཐོན་ཁུངས་རེ་ཟེར་མི་འདི་ཡང་ རྒྱལ་བཙུན་ལས་འགུལ་ཡིག་ཚང་གི་རྒྱབ་སྐྱོར་ཐོག་ལས་ མི་སེར་སོ་ནམ་པ་ཚུ་ལུ་ ནང་འཁོད་ཀྱི་ཐོན་ཁུངས་ཚུ་ བཙུགས་ནི་དང་ སྒམ་རྐྱབ་ནི་ དེ་ལས་ ཚོང་འབྲེལ་འཐབ་ནི་ནང་ལུ་ རྒྱབ་སྐྱོར་འབད་ནི་གི་ལས་རིམ་ཅིག་ཨིན།

ད་རུང་ ཡིག་ཚང་འདི་གིས་ མགྱོགས་པ་རང་ མི་སེར་སོ་ནམ་པ་ཚ་ལུ་ རྒེད་འོག་རེ་འཐོན་ཁུངས་རེ་གི་སྣུམ་འཁོར་ཚུ་ཡང་ འབྱིན་ནི་སྦེ་འདུག

ཐིམ་ཕུག་དང་སྤ་རོ་ལུ་ཡོད་པའི་ རྒེད་འོག་རེ་འཐོན་ཁུངས་རེ་གི་ས་སྒོ་ནང་ལས་ ལག་བཟོ་དང་ བཟའ་འཐུང་གི་རིགས་ཚུ་ལས་འགོ་བཙུགས་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་སོ་ནམ་པ་ཚུ་གིས་བཏོན་ཏེ་ཡོད་མི་ཐོན་སྐྱེད་ཚུ་བཙོངམ་ཨིན་མས།