གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

བཟོ་རིག་བཅུ་སུམ་སྤེལ་ཁང་ནང་ལུ་ ཚོང་རིག་གོང་འཕེལ་སྡེ་ཚན་གཞི་བཙུགས།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༧

༉ ཐིམ་ཕུག་ བཟོ་རིག་བཅུ་སུམ་སྤེལ་ཁང་ནང་ལས་མཐར་འཁྱོལ་མི་དང་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ཚུ་གིས་ སྤེལ་ཁང་གི་ནང་འཁོད་ལུ་ར་ ལས་འགུལ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཚུགས་པའི་ ཉམས་མྱོང་དང་བློ་སྟོབས་ཚུ་ཐོབ་ནི་ཨིན་མས།

འདི་ཡང་ ལས་འགུལ་འདི་ཚུ་ ངོ་མ་སྦེ་ འགོ་འདྲེན་འཐབ་ཚུགས་ནི་གི་དོན་ལས་ སྦྱོང་བརྡར་དང་ ཉམས་མྱོང་འདི་ཚུ་བྱིན་ཐབས་ལུ་ ཚོང་རིག་གོང་འཕེལ་སྡེ་ཚན་ཟེར་ ཞབས་ཏོག་ལྟེ་བ་ཅིག་ ཁ་ཙ་ འགོ་འབྱེད་འབད་དེ་ཡོདཔ་ཨིན།

སྡེ་ཚན་འདི་གིས་ ལཱ་གཡོག་འབད་བའི་ཞོར་ཁར་ སྦྱོང་བརྡར་ཚུ་འབད་དེ་ ཚོང་འབྲེལ་གོང་འཕེལ་བཏང་ནི་དང་ ལས་འགུལ་འཛིན་སྐྱོང་གི་རིག་རྩལ་ཚུ་ གོང་འཕེལ་བཏང་ནི་ཨིན་མས།

ད་རུང་ སྡེ་ཚན་འདི་གིས་ སྦྱོང་བརྡར་པ་ཚུ་ལུ་ ལས་འགུལ་ཚུ་ངོས་འཛིན་འབད་ནི་དང་ འདི་དང་བསྟུན་པའི་ གོང་ཚད་ཚུ་ བདེ་སྒྲིག་འབད་ནི་གི་ནང་ལུ་ རྒྱབ་སྐྱོར་ཚུ་འབད་འོང་ཟེར་བཤད་ཅི།

ཐིམ་ཕུག བཟོ་རིགས་བཅུ་སུམ་སྤེལ་ཁང་གི་དབུ་འཛིན་ ཚེ་དབང་དཔལ་སྒྲོན་གྱིས་སླབ་མི་ནང་ ཚོང་རིག་གོང་འཕེལ་སྡེ་ཚན་འདི་གིས་ དཔེར་ན་ མི་གཅིག་གི་ཁྱིམ་ནང་ མཆོད་གཤམ་ནང་ སྐུ་བཞེངས་ནི་གི་དོན་ལས་ སྦྱིན་བཟོཔ་ཅིག་དགོཔ་ཐོན་པ་ཅིན་ ཁོང་ར་ འཕྲངམ་འཕྲང་ས་རང་ ཚོང་རིག་གོང་འཕེལ་སྡེ་ཚན་འབད་ས་འོང་པ་ཅིན་ སྦྱིན་བཟོཔ་འཚོལ་བྱིན་ཚུགས་ཟེར་བཤད་ཅ།

སྡེ་ཚན་འདི་གིས་ རིག་རྩལ་དང་ལྡན་པའི་ རྒྱལ་ཡོངས་ཀྱི་ལཱ་འབད་མི་ཚུ་བཏོན་ཏེ་ སྒེར་སྡེ་གོང་འཕེལ་བཏང་ཚུགས་ནི་ལུ་ ལྷན་ཐབས་བྱུང་པའི་ཁར་ ཕྱིའི་ལས་མི་ཚུ་ལུ་ རེ་དགོཔ་ཐོན་མི་འདི་ཡང་ མར་ཕབ་འབད་ཚུགས་པའི་རེ་བ་འདུག

ཚོང་རིག་གོང་འཕེལ་སྡེ་ཚན་འདི་ གཞི་བཙུགས་འབད་ནི་གི་དོན་ལས་ གཞུང་གིས་ དངུལ་ཀྲམ་འབུམ་༥གནང་ཡོདཔ་དང་ སྡེ་ཚན་འདི་ཡང་ ལཱ་གཡོག་ལྷན་ཁག་འོག་གི་ འཕྲུལ་རིག་ཤེས་ཡོན་ལས་ཁུངས་ཀྱིས་ བལྟ་ཞིབ་འབད་ནི་ཨིན་མས།