གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

རྗེས་སོར་ལས་རིམ་ལེ་ཤཱ་འབད་ཡོད་པ་ཅིན་ མཐུན་ལམ་ཧེང་སྐལ་རང་ རྩ་བརྟན་བཟོ་འགྱོ་ནི།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༧

༉ ཇ་པཱན་གྱི་མི་དབང་སྲསམོ་མ་ཀོ་འདི་ བདུན་ཕྲག་གཅིག་གི་ གཟིགས་བསྐོར་ལས་རིམ་དོན་ལས་ ནངས་པ་ འབྲུག་ལུ་ ཕེབས་གནང་ནི་ཨིན་མས།

འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ཧི་ར་མ་སུ་གིས་སླབ་མི་ནང་ ཇ་པཱན་གྱི་མི་དབང་སྲསམོ་མ་ཀོ་ འབྲུག་ལུ་ གཟིགས་བསྐོར་ལུ་ འབྱོན་མི་འདི་ ག་ནི་བས་ཡང་ གལ་གནད་ཅན་ཅིག་ཨིན་ཟེར་བཤད་ཅི།

གཞུང་ཚབ་ཀྱིས་འབད་བ་ཅིན་ མི་དབང་སྲསམོ་ འབྲུག་ལུ་གཟིགས་བསྐོར་གནང་མི་འདི་གིས་ རྒྱལ་ཁབ་གཉིས་ཀྱི་བར་ནའི་མཐུན་ལམ་འདི་ ཧེང་སྐལ་རང་ རྩ་བརྟན་བཟོ་འོང་ཟེར་ཨིན་མས།

མི་དབང་སྲསམོ་ འབྲུག་ལུ་ བྱོན་མི་འདི་ ད་རེས་ འགོ་དང་པ་ཅིག་ཨིནམ་ད་ འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ མགྲན་བརྡ་གནངམ་བཞིན་དུ་ཨིན་མས།

མི་དབང་སྲསམོ་གིས་ འབྲུག་ལུ་བཞུགས་པའི་རིང་ ཐིམ་ཕུག་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་གྱི་ས་སྒོ་ནང་ལུ་ འབྲུག་གི་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ཐེངས་༣་པ་ འགོ་འབྱེད་གནང་ས་ལུ་ དབུ་བཞུགས་མཛད་གནང་ནི་ཨིན་མས།

ད་རུང་ སྲསམོ་འདི་གིས་ འབྲུག་པའི་རྒྱལ་རབས་དང་ལམ་སྲོལ་གྱི་ས་སྒོ་ཚུ་ནང་ལས་ཕར་ཡང་ གཟིགས་བསྐོར་ཚུ་ གནང་ནི་གི་ལས་རིམ་འདུག

དགུང་ལོ་༢༥་བཞེས་ཏེ་ཡོད་མི་ མི་དབང་སྲསམོ་མ་ཀོ་འདི་ ཡབ་རྒྱལ་སྲས་ཨ་ཀི་ཤི་ནོ་དང་ ཡུམ་རྒྱལ་པོའི་སྲསམོ་ཀི་ཀོ་གཉིས་ཀྱི་སྲསམོ་ཨིནམ་མ་ཚད་ ད་ལྟོ་ ཇ་པཱན་གྱི་ཁྲི་ཐོག་ཁར་བཞུགས་ཏེ་ཡོད་མི་ རྒྱལཔོ་ཨ་ཀི་ཧི་ཏོ་གི་ཚམོ་རྒས་ཤོས་ཡང་ ཨིན་མས།

ད་རུང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་འདི་གིས་སླབ་མི་ནང་ རྒྱལ་ཁབ་གཉིས་ཀྱི་མི་ཚུ་གི་བར་ན་ རྗེས་སོར་གྱི་ལས་རིམ་འདི་ མང་སུ་འབད་ཡོདཔ་ད་རང་ འབྲུག་དང་ཇ་པཱན་གྱི་མཐུན་ལམ་འདི་ཡང་ ཧེང་སྐལ་རང་ ལེགས་ཤོམ་འགྱོ་འོང་ཟེར་ཨིན་མས།

གཞུང་ཚབ་ཀྱིས་སླབ་མི་ནང་ འབྲུག་དང་ཇ་པཱན་གྱི་བར་ན་ གནས་ཚད་མང་ཤོས་ཅིག་ནང་རང་ མཐུན་འབྲེལ་ལེགས་ཤོམ་ཡོད་རུང་ དམིགས་གསལ་གྱི་ ན་གཞོན་ཚུ་གི་བར་ན་ འདི་བཟུམ་གྱི་རྗེས་སོར་ལས་རིམ་ཡོད་མི་འདི་གིས་ རྒྱལ་ཁབ་ཀྱི་མཐུན་ལམ་ལུ་ ཧེང་སྐལ་རང་ ཕན་ཐོག་འབྱུང་འོག་ཟེར་བཤད་ཅི།

 འདི་འབདཝ་ལས་ འབྲུག་པའི་ན་གཞོན་ ལེ་ཤཱ་ཅིག་གིས་རང་ ཇ་པཱན་གྱི་ཁ་སྐད་ལྷབ་བཞིནམ་ལས་ ཇ་པཱན་ལུ་ ཤེས་ཡོན་སྦྱང་སྟེ་ ལཱ་འབད་ནི་གི་གོ་སྐབས་ཚུ་ ཐོབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།