གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

བསམ་གྲུབ་ལྗོངས་མཁར་ལུ་ ཕྱགས་སྙིགས་ཚུ་གིས་བཟོ་མི་ཐོན་སྐྱེད་ཚུ་ ཚོང་འབྲེལ་ལེགས་ཤོམ་མེདཔ།

སྤྱི་ཟླ་༥ པའི་ཚེས་ ༡༤ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་ལུ་ ཆུ་ཤོག་གི་ཕྱགས་སྙིགས་ལས་ ཐོན་སྐྱེད་ཚུ་བཟོ་མི་ལས་སྡེ་ཅིག་ འགོ་བཙུགས་ཏེ་ཡོད་མི་འདི་ལུ་ ཐོན་སྐྱེད་འདི་ཚུ་ ཚོང་འབྲེལ་འཐབ་ནི་ནང་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་མས།

ཟི་རོ་ཝེསིཊ་སྡེ་ཚན་ཟེར་མི་ སྡེ་ཚན་འདི་ཡང་ ལོ་༥་དེ་ཅིག་གི་ཧེ་མ་ འགོ་བཙུགས་ནུག

ལོ་༣་གི་ཧེ་མ་ལས་ སྡེ་ཚན་འདི་གིས་ ཐོ་བཀོད་བཞག་མི་དང་འཁྲིལཔ་ད་ ཁོང་ཆ་ཁྱབ་ཀྱིས་ ཆུ་ཤོག་གི་ཕྱགས་སྙིགས་ ཀེ་ཇི་སྟོང་ཕྲག་༡་དང་༢༠༠་ལྷགཔ་ཅིག་ ལོག་སྟེ་རང་ལག་ལེན་འཐབ་ཡོདཔ་ཨིན་མས།

འཐུས་མི་ཚུ་གིས་ ཆུ་ཤོག་གི་ཕྱགས་སྙིགས་ཚུ་ ལག་ལེན་འཐབ་ཞིནམ་ལས་ མང་ཤོས་ཅིག་ར་ ཆུ་ཤོག་གི་ཇོ་ལ་ཚུ་ ཐག་དོ་ཡོདཔ་ཨིན་མས།

ཐོན་སྐྱེད་འདི་ཚུ་ བལྟ་ཝ་ད་ལུ་ སེམས་ཤོར་སི་སི་དང་གནས་ཚད་དང་ལྡནམ་སྦེ་ཡོད་དེ་འབད་རུང་ སྡེ་ཚན་འདི་གི་མཉམ་འབྲེལ་པ་ ཆོས་སྐུ་རྡོ་རྗེ་གིས་སླབ་མི་ནང་ ཐོན་སྐྱེད་འདི་ཚུ་ ཕྱི་ལས་འོང་མི་བལྟ་བཤལཔ་དང་ མཐའ་འཁོར་གྱི་སྐོར་ལས་ ཚ་འགྱང་ཡོད་མི་ཚུ་གིས་རྐྱངམ་ཅིག་མ་གཏོགས་ གཞན་མི་ཚུ་གིས་ མཁོ་འདོད་མི་སྐྱེད་པས་ཟེར་བཤད་ཅི།

ཐོན་སྐྱེད་འདི་ཚུ་ དེ་ཅིག་ར་ བཙོང་མ་ཚུགས་མི་ལུ་བརྟེན་ སྡེ་ཚན་འདི་གིས་ ལེ་ཤ་སྦེ་མཁོ་སྔགས་འབད་མི་ཚུ་འཚོལ་ནི་ལུ་ དམིགས་ཡུལ་བསྐྱེདཔ་ཨིན་མས།

འདས་པའི་ལོ་༣་ནང་ལུ་ སྡེ་ཚན་འདི་གིས་ འོང་བབས་དངུལ་ཀྲམ་ འབུམ་༥་དང་སྟོང་ཕྲག་༢༤་ལྷགཔ་ཅིག་ བཟོ་ཚུགས་ནུག

སྡེ་ཚན་འདི་གི་ འཐུས་མི་ཚུ་ ག་ར་ཨམ་སྲུ་འབདཝ་ལས་ ད་ལྟོ་ཚུན་ཚོད་ འོང་བབས་བཟོ་མི་འདི་གིས་ ཁོང་ཆ་ཁྱབ་ལུ་ ཕན་ཐོགས་སྦོམ་བྱུང་ནུག

  ཚོང་ལཱ་གི་གོ་སྐབས་གནམ་མེད་ས་མེད་ཅིག་ མེད་དེ་འབད་རུང་ སྡེ་ཚན་འདི་གིས་ ལཱ་འདི་འཕྲོ་མཐུད་དེ་ར་འབད་ནིའི་མནོ་བསམ་འདུག