གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

བུམ་ཐང་ སྟང་སློབ་གྲྭ་ལྟེ་བའི་ནང་ལུ་ ཆུ་མ་ལང་པའི་དཀའ་ངལ།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༧

༉ བུམ་ཐང་ལུ་ཡོད་པའི་ སྟང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་སླབ་མི་ནང་ སློབ་གྲྭ་འདི་ནང་ལུ་ ད་རེས་ཡོད་པའི་ ཆུ་བཀྲམ་སྤེལ་འདི་གིས་ ཁ་ལག་འཁྱུ་ནི་གི་དོན་ལུ་ཡང་ ལང་མ་ལངམ་ཅིག་སྦེ་ སྡོད་དགོཔ་འཐོན་དོ་ཡོདཔ་ལས་ ཆུའི་བཀྲམ་སྤེལ་ ཁ་སྐོང་དགོཔ་འདུག་ཟེར་ སླབ་དོ་ཡོདཔ་ཨིན་མས།

འདི་ཡང་ སློབ་ཕྲུག་ཚུ་གིས་སླབ་མི་ནང་ བུཚུ་ཚུ་གི་ཁྱབ་གསང་ནང་ལུ་ ཆུ་མེད་པར་ ད་རེས་འབདཝ་ད་ ཟླཝ་ཡང་ལྷགཔ་ཅིག་སོང་ཡི་ཟེར་ཨིན་མས།

ཆུའི་རྐ་ལི་ཚུ་ནང་ལུ་ འཕྲལ་འཕྲལ་འབད་ཡི་རང་ ཆུ་ཆད་དོ་ཡོདཔ་ལས་ གཟའ་ཉིམ་དང་ཟླཝ་གི་སྐབས་ལུ་ སློབ་ཕྲུག་ཚུ་ གཟུགས་དང་བགོ་ལ་ཚུ་ འཁྱུ་མ་ཚུགས་པར་ སྡོད་དགོཔ་འཐོན་ཏེ་འདུག

ཨིན་རུང་ སློབ་གྲྭའི་དབུ་འཛིན་གྱིས་སླབ་མི་ནང་ སློབ་གྲྭ་འདི་ནང་ལུ་ ཆུ་མ་ལང་པའི་དཀའ་ངལ་འདི་ སློབ་ཕྲུག་ཚུ་གིས་སླབ་དོ་བཟུམ་ཅིག་རང་འདི་ མེད་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཆུ་མ་ལང་པའི་དཀའ་ངལ་འདི་ཡང་ ན་ཧིང་ སློབ་གྲྭ་འདི་ནང་ལུ་ དབུ་འཛིན་དང་ སློབ་དཔོན་ཚུ་གི་སྡོད་ཁྱིམ་ དེ་ལས་ ཆབ་གསང་༢ཐེབས་རྐྱབ་པའི་ཤུལ་ལས་ འཐོན་ཡི་ཟེར་ཨིན་མས།

འདི་ཡང་ མཐུན་རྐྱེན་གསརཔ་འདི་ཚུའི་ནང་ལུ་ ཆུའི་བཀྲམ་སྤེལ་འདི་ སློབ་གྲྭའི་ཆུ་བཀྲམ་སྤེལ་གྱི་ རྐ་གཅིག་ནང་ལས་ འབད་དེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

སློབ་གྲྭ་འདི་ནང་ ཆུའི་དཀའ་ངལ་འདི་སེལ་ནི་གི་དོན་ལས་ སློབ་གྲྭའི་ཉེ་འདབས་ལུ་ཡོད་པའི་ སྨན་ཁང་ནང་ལས་ ཆུ་དུང་ཚུ་བརྒྱུད་དེ་ ཆུ་བཀྲམ་སྤེལ་འབད་དེ་འདུག

འདི་བཟུམ་སྦེ་ སློབ་གྲྭ་འདི་གིས་ ཆུ་བཀྲམ་སྤེལ་འབད་ནི་གི་དོན་ལས་ གཞུང་ལུ་ མ་དངུལ་གྱི་རྒྱབ་སྐྱོར་དགོ་པའི་ གྲོས་འཆར་ཕུལ་ཏེ་འདུག

སྟང་སློབ་གྲྭ་ལྟེ་བའི་ནང་ལུ་ སློབ་ཕྲུག་༥༢༠ཡོདཔ་ད་ འདི་ནང་ལས་ བརྒྱ་ཆ་༨༥དེ་ཅིག་ གཞག་སློབ་གྲྭ་ནང་རང་སྡོད་མི་ཚུ་ཨིན་མས།