གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

བསམ་རྩེ་ གདམ་དུམ་བཟོ་གྲྭ་ས་ཁོངས་གོང་འཕེལ་གྱི་ལཱ་ཚུ་ འབད་བའི་བསྒང་ར་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༧

༉ བསམ་རྩེ་ལུ་ གདམ་དུམ་བཟོ་གྲྭ་ས་ཁོངས་ནང་ལུ་ དུས་ཅི་ སྤྱི་ཟླ་༧མཇུག་བསྡུ་ཁམས་ཅིག་ལས་ འཁོར་ལམ་དང་ ཆུ་བཀྲམ་སྤེལ་ དེ་ལས་ ས་མཚམས་ཀྱི་རྩིག་གྱང་དང་ ཅ་ཆས་འཛིན་སྐྱོང་ཡིག་ཚང་རྐྱབ་ནི་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་བཙུགས་ནི་གི་ལཱ་ཚུ་ མཇུག་བསྡུ་ཚུགས་པའི་རེ་བ་འདུག

གདམ་དུམ་བཟོ་གྲྭ་ས་ཁོངས་ཀྱི་ གོང་འཕེལ་གྱི་ལཱ་ཚུ་ཡང་ བསྟན་རྒྱས་ལྷན་ཁག་འོག་གི་ བཟོ་གྲྭ་ལས་ཁུངས་ཀྱིས་ བལྟ་བརྟོག་འབད་དེ་ ན་ཧིང་ལས་འགོ་བཙུགས་ནུག

ལས་འགུལ་བཟོ་རིག་འགོ་དཔོན་དང་འཁྲིདཔ་ད་ ས་སྒོ་འདི་གི་ས་ཆ་པོ་ལོཊ༧༧ནང་ གོང་འཕེལ་གྱི་ལཱ་ཚུ་འབད་ནི་སྦེ་ འཆར་གཞི་བརྩམ་སྟེ་ཡོད་ས་ལས་ ད་རེས་ཡོད་པའི་མ་དངུལ་འདི་གིས་ ས་ཆ་པོ་ལོཊ་ ༤༣ནང་རྐྱངམ་ཅིག་ གོང་འཕེལ་གྱི་ལཱ་ཚུ་ འབད་ཚུགས་ནི་མས་ཟེར་བཤད་ཅི།

ལས་འགུལ་འདི་གི་དོན་ལས་ ད་རེས་ཀྱི་ ལོ་ལྔ་འཆར་གཞི་ནང་ལུ་ མ་དངུལ་ས་ཡ་༣༠༠བགོ་བཀྲམ་འབད་དེ་འདུག

ད་རེས་ གོང་འཕེལ་གྱི་ལཱ་འབད་མ་ཚར་བ་ཡོད་མི་ ས་ཆ་པོ་ལོཊ་ ལྷག་མཇུག་ཚུ་གི་དོན་ལུ་ མ་དངུལ་འདི་ ཤུལ་མའི་ལོ་ལྔ་འཆར་ནང་ ཕར་ཕུད་རྐྱབ་སྟེ་འདུག

བཟོ་གྲྭ་ས་སྒོ་འདི་ནང་ལུ་ ད་རེས་ འབད་བའི་བསྒང་ཡོད་མི་ གོང་འཕེལ་གྱི་ལཱ་ཚུ་ མཇུག་བསྡུ་ཞིནམ་ལས་ འཁོར་ལམ་བདའ་སྟེ་ གློག་མེིའ་མཐུན་རྐྱེན་བཙུགས་ནི་དང་ ལས་བྱེདཔ་ཚུ་གི་སྡོད་ཁྱིམ་རྐྱབ་ནི་ དེ་ལས་ སྲུང་རྒྱབ་ཀྱི་སྒོ་ར་རྐྱབ་ནི་གི་ལཱ་ཚུ་ འབད་ནི་གི་ལས་རིམ་འདུག

ལས་འགུལ་བཟོ་རིག་འགོ་དཔོན་གྱིས་སླབ་མི་ནང་ བཟོ་གྲྭ་ས་ཁོངས་ནང་ལུ་ ས་ཆ་ཨེ་ཀར་༣༤༠ལྷགཔ་ཅིག་ནང་ གོང་འཕེལ་གྱི་ལཱ་ཚུ་འབད་ནི་གི་དོན་ལས་ མ་དངུལ་ ས་ཡ་སྟོང་ཕྲག་༢ལྷགཔ་ཅིག་ དགོཔ་འདུག་ཟེར་བཤད་ཅི།

འདི་བཟུམ་སྦེ་ འགོ་དཔོན་ཚུ་གིས་སླབ་མི་ནང་ ས་སྒོ་འདི་ནང་འོང་ནི་གི་ དངས་འདོད་ཡོད་མི་ཚུ་ ལཱ་ཚུ་ནམ་མཇུག་བསྡུ་འོང་ག་ཟེར་ སྲ་ལང་སྟེ་རང་ཡོདཔ་མ་ཚད་ འཕྲལ་འཕྲལ་འབད་ཡི་རང་ ས་སྒོ་འདི་ནང་ལུ་ བསྟ་བར་འོང་དོ་ཡོདཔ་ཨིན་མས།