གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ཁྱོསམ་དང་ཕྱག་མཇལ་གྱི་བཅའ་ཡིག་༢༠༡༧།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༧

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྱོསམ་དང་ཕྱག་མཇལ་གྱི་བཅའ་ཡིག་༢༠༡༧་གི་ནང་ལུ་ ཁྱོསམ་དང་ཕྱག་མཇལ་འཛིན་སྐྱོང་གི་དོན་ཚན་གསརཔ་ཅིག་ བཙུགས་ཏེ་འདུག

དོན་ཚན་གསརཔ་འདི་དང་འཁྲིལ་བ་ཅིན་ ལས་སྡེ་གི་འགོ་འཛིན་ཚུ་གིས་ ཁྱོསམ་དང་ཕྱག་མཇལ་ཚུ་གསལ་སྟོན་འབད་སའི་མི་ངོམ་ཅིག་ བཏོན་དགོཔ་མ་ཚད་ ཁྱོསམ་དང་ཕྱག་མཇལ་བདག་སྐྱོང་གི་ཚོགས་ཆུང་ཅིག་ཡང་ བཟོ་བཞིནམ་ལས་ ལམ་ལུགས་ལས་འགལ་མི་ཚུ་ལུ་ ཉེས་བྱ་ཚུ་ བཀལ་དགོ་པའི་འགན་ཁུར་འབག་དགོཔ་ ཐོན་ནི་ཨིན་མས།

ཁྱོསམ་དང་ཕྱག་མཇལ་ཚུ་གསལ་སྟོན་འབད་སའི་མི་ངོམ་འདི་གིས་ ཁྱོསམ་དང་ཕྱག་མཇལ་ཐོབ་སྟེ་ཡོད་མི་ཚུ་གི་ཐོ་ཚུ་ བཞག་དགོ་ནི་ཨིན་མས།

དེ་ལས་ ཁྱོསམ་དང་ཕྱག་མཇལ་འཛིན་སྐྱོང་ཚོགས་ཆུང་འདི་ལུ་ ལས་སྡེ་གི་འགོ་འཛིན་གྱིས་ ཁྱོསམ་དང་ཕྱག་མཇལ་ཐོབ་མི་ཚུ་ འཛིན་སྐྱོང་འཐབ་ནི་གི་འགན་ཁུར་ཕོགཔ་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲིམས་དོན་འགོ་དཔོན་ ཤཱཀྱ་དབང་མོ་གིས་སླབ་མི་ནང་ བཅའ་ཡིག་འདི་ཡང་ ལག་ལེན་འཐབ་ངོ་བདེ་ཏོག་ཏོ་བཟོ་ནི་གི་དོན་ལུ་ བསྐྱར་ཞིབ་འབད་དེ་ཡོད་ཟེར་བཤད་ཅི།

ད་རེས་ བསྐྱར་ཞིབ་འབད་དེ་ཡོད་མི་ ཁྱོསམ་དང་ཕྱག་མཇལ་གྱི་བཅའ་ཡིག་འདི་གིས་ བཅའ་ཡིག་འདི་གི་དགོངས་དོན་ལས་མ་འགལ་བར་ ཞི་གཡོགཔ་ཚུ་ལུ་ གནས་སྟངས་དང་འཁྲིལ་ཏེ་ ཁྱོསམ་འདི་ཚུ་བརྗེ་སོར་འབད་ནི་གི་དབང་ཁྱབ་འབྱིནམ་ཨིན་མས།

སྤྱི་ལོ་༢༠༠༩་གི་བཅའ་ཡིག་དང་འཁྲིལ་བ་ཅིན་ གོ་གནས་དམན་པའི་ཞི་གཡོགཔ་ཚུ་གིས་ ཁོང་རའི་འགོ་དཔོན་ཚུ་ལུ་ ཕྱག་མཇལ་ཕུལ་ཐ་ ཆོགཔ་སྦེ་ཡོདཔ་ཨིན།

བསྐྱར་ཞིབ་འབད་དེ་ཡོད་མི་ བཅའ་ཡིག་འདི་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཀོད་ཁྱབ་ཀྱི་བཀའ་རྒྱ་བཏོན་པའི་ཤུལ་ ལག་ལེན་འཐབ་ནི་ཨིན་མས།

ཁྱོསམ་དང་ཕྱག་མཇལ་གྱི་བཅའ་ཡིག་འདི་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བཅའ་ཁྲིམས་དང་འཁྲིལ་ཏེ་ འགན་ཁྲིད་དང་དྭངས་གསལ་ཚུ་ངེས་བཏོན་བཟོ་ཐབས་ལུ་ ཟིན་བྲིས་བཏབ་ཡོདཔ་ཨིན་མས།