གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

མི་དམངས་སྐྱེལ་འདྲེན་བཱས་བཞག་སའི་ས་སྒོ་གསརཔ་རྐྱབ་ནི་གི་གདོང་ལེན།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༧

༉ ཐིམ་ཕུག་ཁྲོམ་སྡེ་གིས་ སྤྱི་ལོ་༢༠༠༤་ལུ་ ཨོ་ལ་ཁ་ལུ་ མི་དམངས་སྐྱེལ་འདྲེན་བཱས་བཞག་སའི་ མཐུན་རྐྱེན་གསརཔ་ཅིག་རྐྱབ་ནི་གི་འཆར་གཞི་བརྩམ་སྟེ་ཡོད་རུང་ ས་ཆའི་ཐད་ཁར་ ཇོ་བདག་ཚུ་དང་ཅིག་ཁར་ ཁ་འཆམ་མ་ཚུགས་ནི་འདི་གིས་ འབད་མ་ཚུགས་པར་འདུག

ཁྲོམ་སྡེ་གིས་ མི་དམངས་སྐྱེལ་འདྲེན་བཱས་བཞག་སའི་ས་སྒོ་བཟོ་ནི་གི་དོན་ལས་ ཨོ་ལ་ཁ་ལུ་ ས་ཆ་ཨེ་ཀར་༦་ངོས་འཛིན་འབད་དེ་ཡོད་རུང་ འདི་ཚུ་ག་ར་ སྒེར་གྱི་མི་ངོམ་༣༠་གི་ ས་ཆ་ཚུ་ཨིན་མས།

ས་ཆའི་ཇོ་བདག་ཚུ་གིས་སླབ་མི་ནང་ ས་ཆ་གི་གོང་ཚད་འདི་ ད་རེས་ནངས་པར་ ས་གཞན་ཁ་ལུ་བཙོང་པའི་སྐབས་ཐོབ་མི་ གོང་ཚད་འདི་རང་དགོ་ཟེར་ཨིན་མ་ཚད་ ས་ཚབ་འབྱིན་རུང་ ཁྲོམ་ནང་འཁོད་རང་ དགོ་ཟེར་བཤད་ཅི།

འདི་ལུ་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ སའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཁྲོམ་ནང་འཁོད་རང་ ས་ཚབ་ཐོབ་དགོ་པ་ཅིན་ ཁྲོམ་སྡེ་ནང་ལུ་ ས་མ་པ་ལས་རང་མེད་པ་ཅིན་རྐྱངམ་ཅིག་ ཐོབ་ཟེར་འཁོད་དེ་འདུག་ཟེར་ཨིན་མས།

ཨིན་རུང་ ཁྲོམ་དཔོན་གྱིས་འབད་བ་ཅིན་ ས་ཆའི་ཇོ་བདག་ མང་ཤོས་ཅིག་ལུ་རང་ ཁྲོམ་ནང་འཁོད་ལུ་ ས་ཆ་ཡོད་མི་ཚུ་ཨིན་མས་ཟེར་བཤད་ཅི།

ད་རུང་ ས་ཆའི་ཇོ་བདག་ཚུ་གིས་སླབ་མི་ནང་ ཁྲོམ་སྡེ་གི་ཁ་ཐུག་ལས་ བཱས་ཚུ་བཞག་སའི་ས་སྒོ་བཟོ་ནི་གི་འཆར་གཞི་བརྩམ་པའི་སྐབས་དང་ གྲོས་ཐག་བཅད་པའི་སྐབས་ལུ་ ཁོང་ཆ་ཁྱབ་ལུ་ བསྟུན་གྲོས་ག་ནི་ཡང་ མ་འབད་ཟེར་ཨིན་མས།

འདི་ལུ་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ ཨོ་ལ་ཁ་ལུ་ མི་དམངས་སྐྱེལ་འདྲེན་བཞག་སའི་ས་སྒོ་བཟོ་ནི་གི་འཆར་གཞི་བརྩམ་པའི་སྐབས་ མི་དམངས་དང་ཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ ཚར་ལེ་ཤཱ་ཅིག་རང་ ཚོགས་ཅི་ཟེར་བཤད་ཅི།

ཐིམ་ཕུག་ཁྲོམ་སྡེ་གིས་ ས་ཆ་ཚུ་ གླ་ཁར་སྤྱོད་ནི་གི་འཆར་གཞི་ཡོད་རུང་ ཇོ་བདག་ཚུ་གིས་ ངོས་ལེན་མེདཔ་ཨིན་མས།

ཨིན་རུང་ ཁྲོམ་སྡེ་གི་དོན་ལུ་ མི་དམངས་སྐྱེལ་འདྲེན་བཱས་ཚུ་བཞག་སའི་མཐུན་རྐྱེན་རྐྱབ་དགོཔ་འདི་ ཁག་ཆེཝ་སྦེ་རང་ཡོདཔ་ལས་ ཐབས་ལམ་གཞན་ཚུ་ བལྟ་བའི་བསྒང་རང་འདུག