གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

མཆོད་རྟེན་བསྐོར་ར་ལུ་ ཏ་ཝང་ལས་ མི་འོང་མི་འདི་ མར་ཕབ་སོང་སྟེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༧

༉ བཀྲིས་གཡང་རྩེ མཆོད་རྟེན་བསྐོར་ར་ལུ་ དུས་ཅི་ རྒྱ་གར་ ཏ་ཝང་ལས་ དད་ཅན་གྱི་མི་འོང་མི་གི་གྱངས་ཁ་འདི་ ལེ་ཤཱ་གིས་ མར་ཕབ་སོང་སྟེ་འདུག

ཨ་རྟག་འབད་བ་ཅིན་ མཆོད་རྟེན་བསྐོར་ར་ལུ་ གནམ་གང་བསྐོར་ར་དང་ དགས་པའི་བསྐོར་གྱི་དུས་སྟོན་སྐབས་ལུ་ ཏ་ཝང་ལས་ དད་ཅན་གྱི་མི་བརྒྱ་ལས་བཅད་དེ་ འོང་སྲོལ་ཡོདཔ་ཨིན་རུང་ དུས་ཅི་ ཁོང་དད་ཅན་གྱི་མི་༡༠༠་དེ་ཅིག་ཡང་ མ་འོངམ་ཨིན་མས།

བཀྲིས་གཡང་རྩེ་ སྟོད་མཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་སླབ་མི་ནང་ དུས་ཅི་ མཆོད་རྟེན་བསྐོར་ར་ལུ་ ཏ་ཝང་ལས་ མི་དེ་ཅིག་རང་མ་ལྷོད་མི་འདི་ཡང་ དུས་ཅི་ ཏ་ཝང་ལུ་ཡོད་པའི་ སྒོར་ཟམ་མཆོད་རྟེན་ལུ་ཡང་ བསྐོར་རའི་དུས་སྟོན་ཅིག་ཡོད་ནི་འདི་གིས་ཨིན་མས་ཟེར་བཤད་ཅི།

ཨིན་རུང་ མཆོད་རྟེན་བསྐོར་ར་ལུ་ ད་རེས་འོང་སྟེ་ཡོད་མི་ ཏ་ཝང་གི་དད་ཅན་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ བཀྲིས་གཡང་རྩེ་ལུ བསྐོར་ར་རྐྱབ་པར་འོང་མི་འདི་ཡང་ ནང་པའི་ཆོས་ལུགས་འཛིན་མི་ཅིག་འབད་ནི་འདི་གིས་ཨིན་ཟེར་བཤད་ཅི།

ལོ་རྒྱུས་དང་འཁྲིལ་བ་ཅིན་ མཆོད་རྟེན་བསྐོར་ར་ལུ་ ཏ་ཝང་གི་མི་ཚུ་འོང་མི་འདི་ཡང་ མཆོད་རྟེན་འདི་ནང་ལུ་ དང་ཕུག་ ཏ་ཝང་ལས་བུམོ་གཅིག་ མཆོད་རྟེན་འདི་ནང་ལུ་ ནང་ཟུངས་འབད་འཛུལ་ཡོདཔ་ལས་ མོ་ལུ་ གུས་བསྟུད་ཞུ་ནི་གི་དོན་ལས་ འོངམ་ཨིན་ཟེར་བཤད་ནི་འདུག