གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

དར་མགོ་དགོན་པ་ རྩ་བ་ལས་ར་ མེ་མཆོད་བཞེས་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༧

༉ སྤ་རོ་ ལམ་གོང་རྒེད་འོག་ནང་ལུ་ཡོད་པའི་ དར་མགོ་དགོན་པ་འདི་ ད་རིས་དྲོ་པ་ ཆུ་ཚོད་ཕྱེད་ད་༡༡་དེ་ཅིག་ཁར་ རྩ་བ་ལས་ར་ མེ་མཆོད་བཞེས་ནུག

མེ་རྐྱེན་འདི་གིས་ སྒེར་གྱི་ལྷ་ཁང་ཅིག་ཨིན་མི་ དར་མགོ་དགོན་པ་འདི་ནང་ལུ་ཡོད་མི་ ནང་རྟེན་རྩ་ཅན་ཚུ་རྩིས་ཏེ་ ག་ར་ཚིགས་ཡོདཔ་ཨིན་མས།

ལྷ་ཁང་གི་ཇོ་བདག་ ཀརྨ་ཆོས་སྒྲོན་གྱིས་སླབ་མི་ནང་ ལྷ་ཁང་འདི་ཁ་ལུ་ འཁོར་ལམ་གྱི་མཐུན་རྐྱེན་ཡོད་དེ་འབད་བ་ཅིན་ ལྷ་ཁང་གཙོ་བོ་གི་ནང་རྟེན་འདི་ཚུ་ ཉེན་སྐྱོབ་འབད་ཚུགས་ཚུགསཔ་འོང་ཟེར་བཤད་ཅི།

ད་རུང་ ལྷ་ཁང་གི་ཇོ་བདག་འདི་གིས་སླབ་མི་ནང་ མེ་འདི་ ཁོང་མཚམས་བཅད་དེ་སྡོད་མི་ཚུ་གིས་ སྣང་མེད་སྦེ་སྡོད་མི་ལུ་བརྟེན་ ཤོར་ཤོརཝ་འོང་ཟེར་ཨིན་མས།

  ཨིན་རུང་ མིག་གི་མཐོང་མི་ཚུ་གིས་འབད་བ་ཅིན་ མེ་འདི་ ཨེམ་སི་བི་ཟེར་ གློག་མེའི་འཕྲུལ་ཆས་གཅིག་གུ་ལས་ འབར་ཡི་ཟེར་བཤད་ཅི།

དར་མགོ་དགོན་པ་འདི་ནང་ལུ་ ཁོང་༤་མཚམས་བཅད་དེ་སྡོད་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ མེ་རྐྱེན་འདི་གི་སྐོར་ལས་ ཕོ་རྒས་༢་ཁོང་འབད་ས་ལྷོདཔ་ད་ལས་བརྒལ་ མ་ཤེས་ཟེར་ཨིན་མས།

མེ་བསད་པ་འོང་མི་ མང་ཤོས་ཅིག་གིས་སླབ་མི་ནང་ འཁོར་ལམ་མེད་མི་ལུ་བརྟེན་ ཁོང་གི་ཁ་ཐུག་ལས་ ག་ནི་ཡང་འབད་མ་ཚུགས་ཟེར་བཤད་ཅི།

  འདི་ཡང་ འཁོར་ལམ་མེད་ནི་འདི་གིས་ མེ་བསད་མི་ སྣུམ་འཁོར་༢་ ལྷ་ཁང་གི་རྩ་བ་ལས་ མི་ཀྲར་༡༠༠་གི་ས་ཁར་ལས་བརྒལ་ལྷོད་མ་ཚུགསཔ་ལས་ ཆུ་འདི་ཚུ་ ལྷ་ཁང་ཚུན་ བཏོར་མ་ཚུགསཔ་ཨིན་མས།

མེ་འདི་ གནམ་གྲུ་ཧེ་ལི་ཀོབ་ཀྲར་ནང་ལས་ ཆུ་གཏོར་ཞིནམ་ལས་རྐྱངམ་ཅིག་ ཚད་འཛིན་འབད་ཚུགས་ནུག

དར་མགོ་དགོན་པ་འདི་ སྤྱི་ལོ་༡༡༡༣་ལུ་ ཕ་དམ་པ་ སངས་རྒྱས་ཀྱིས་ བཞེངས་གནང་གནངམ་ཨིན་མས།