གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ལྷོོཔ་མི་སྡེ་ཚུ་གི་དོན་ལས་ མི་སྡེའི་རྒྱང་བསྒྲགས་རེ་དྲིའོ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༧

༉ བསམ་རྩེ་རྡོ་རོ་ཁ་ལུ་ ལྷོོཔ་མི་སྡེ་ཚུ་གི་དོན་ལས་ མི་སྡེའི་རྒྱང་བསྒྲགས་རེ་དྲིའོ་གཞི་བཙུགས་འབད་དེ་ཡོད་མི་འདི་ ས་གནས་ནང་གི་ མི་སེར་ཚུ་གི་དོན་ལས་ བརྡ་དོན་འདི་ཚུ་ཐོབ་ནི་དང་ སྤྲོ་སྟོན་གྱི་མཐུན་རྐྱེན་ངོ་མ་ཅིག་ལུ་ འགྱུར་ཏེ་འདུག

རྒྱང་བསྒྲགས་ཀྱི་ཞབས་ཏོག་འདི་ཡང་ དྲོ་པ་ཆུ་ཚོད་༧་ལས་འགོ་བཙུགས་དོ་ཡོདཔ་ད་ འདི་ཡང་ བརྒྱུད་འཕྲིན་གྱི་ཐོག་ལས་ ཁ་འཐེན་བཏང་ནི་གི་ ལས་རིམ་གྱིས་ འགོ་བཙུགསཔ་ཨིན་མས།

ཞབས་ཏོག་འདི་ཡང་ དུས་རྒྱུན་དུ་ར་ དུས་ཡུན་ཆུ་ཚོད་༣གི་རིང་ལུ་ རྒྱང་བསྒྲགས་འབད་དོ་ཡོདཔ་དང་ ལས་རིམ་གསལ་བཤད་འབད་མི་ཚུ་ཡང་ ལྷོཔ་ཁོང་ར་ར་ཨིན་མས།

མི་ཚུ་གིས་སླབ་མི་ནང་ མི་སྡེ་རེ་དྲིའོ་འདི་ལས་བརྟེན་ཏེ་ ས་གནས་གཞན་ཁ་ལུ་ ག་ཅི་ར་འབད་དོ་ཡོདཔ་ཨིན་ན་གི་སྐོར་ལས་ ཧ་གོ་ཚུགས་དོ་ཡོདཔ་མ་ཚད་ གཡུས་ཁ་ལུ་ ཞལ་འཛོམས་དང་ མགྱོནམ་ཁག་ཆེ་ཏོག་ཏོ་བྱོན་ཏེ་ཡོད་མི་ཚུ་གི་སྐོར་ལས་ཡང་ བརྡ་ལེན་འབད་ཚུགས་པས་ཟེར་བཤད་ཅི།

བསམ་རྩེ་རྡོ་རོ་ཁ་ལུ་ཡོད་པའི་ ཏ་ར་ཡ་ན་གཞི་ཚོགས་ཀྱི་མཉམ་འབྲེལ་པ་འཕྲིན་ལས་ཀྱིས་སླབ་མི་ནང་ མི་སྡེ་རྒྱང་བསྒྲགས་འདི་ཡང་ ངོ་མ་རང་ ལྷོཔ་མི་སྡེ་ནང་ལུ་ ཁ་སྐད་ལས་འགོ་བཙུགས་ཏེ་ ལམ་སྲོལ་གཞན་དང་མ་འདྲཝ་ཡོད་མི་ཚུ་ ཉམས་སྲུང་འབད་ནི་གི་ཕན་ཐབས་ལུ་འགོ་བཙུགས་ཏེ་ཡོད་ཟེར་ཨིན་མས།

རྡོ་རོ་ཁ་ལུ་ མི་སྡེ་རྒྱངས་བསྒྲགས་འདི་ ལོ་གཅིག་དེ་ཅིག་གི་ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོདཔ་ད་ འདི་ཡང་ སུཡིས་གོང་འཕེལ་ལས་འཛིན་གྱིས་ བརྒྱུད་འབྲེལ་ལྷན་ཁག་དང་ ཏ་ར་ཡ་ན་གཞི་ཚོགས་གཉིས་དང་ཅིག་ཁར་ མཉམ་འབྲེལ་འབད་དེ་ གཞི་བཙུགས་འབད་དེ་འདུག