གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

རྒྱལ་ཁབ་ནང་ ཤ་བདའ་མི་ཚུ་བཀག་ཐབས་ལུ་ རྒྱལ་ཡོངས་ཐབས་རིག་ཅིག་བཟོ་སྟེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༦ ༢༠༡༧

༉ རྒྱལ་ཁབ་ནང་ལུ་ ཤ་བདའ་མི་དང་ ཁྲིམས་འགལ་གྱི་ཐོག་ལས་ རི་དྭགས་ནག་ཚོང་འཐབ་དོ་ཡོད་པའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ འབྲུག་ལུ་ཡོད་པའི་ འཛམ་གླིང་རི་དྭགས་མ་དངུལ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ རྒྱལ་ཡོངས་ཐབས་རིག་ཅིག་བཟོ་སྟེ་འདུག

ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་བཀོད་མི་ནང་ འཛམ་གླིང་ནང་འཁོད་ལུ་ ཤ་བདའ་མི་དང་ རི་དྭགས་ནག་ཚོང་འཐབ་མི་འདི་ ཁེ་སང་ཆེ་བའི་ ཚོང་འབྲེལ་གྱི་ལཱ་ཅིག་ཨིན་རུང་ འབྲུག་རྒྱལ་ཁབ་ནང་ལུ་ ཤ་བདའ་མི་ དེ་ཅིག་ར་མེད་ཟེར་ཨིན་མས།

དེ་ར་འབད་རུང་ ཤ་བདའ་མི་འདི་ མ་པ་ལས་མེདཔ་སྦེ་བཟོ་ནི་གི་དོན་ལས་ འབྲུག་རྒྱལ་ཁབ་ཀྱིས་ ནགས་ཚལ་གླིང་འཛིན་འགོ་དཔོན་གྱི་གྱངས་ཁ་ ཡར་སེང་འབད་ནི་དང་ འཕྲུལ་རིག་དང་ཅ་ཆས་ལེགས་ཤོམ་ཚུ་ལག་ལེན་འཐབ་ཞིནམ་ལས་ ཤ་བདའ་མི་ཚུ་བལྟ་བརྟོག་འབད་ནི་གི་ འཆར་གཞི་འདུག

འདི་དང་འབྲེལ་ཏེ་ མི་སེར་ཚུ་ལུ་ རི་དྭགས་སེམས་ཅན་ཚུ་ ཉམས་སྲུང་འབད་མི་འདི་གིས་ ཁེ་ཕན་ག་ཅི་ར་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་ནི་ཨིན་མས།

སྤ་རོ་ལུ་སྦེ་ བློན་ཆེན་གྱིས་ འབྲུག་ལུ་ ཤ་བདའ་མི་ མ་པ་ལས་མེདཔ་སྦེ་བཟོ་ནི་གི་ རྒྱལ་ཡོངས་ཐབས་རིག་འདི་དང་གཅིག་ཁར་ གཅན་གཟན་སྟག་གི་དྭངས་ལེན་འཆར་གཞི་དང་ མི་དང་རིག་དྭགས་སེམས་ཅན་གྱི་བར་ན་ སྟབས་མ་བདེཝ་ཐོན་མི་འདི་བསལ་ནི་གི་ ཐབས་རིག་ལམ་ལུགས་འདི་ཡང་ འགོ་འབྱེད་མཛད་གནང་ནུག