གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༡

རྩིས་ཁྲ་ནང་ ཏི་རུབ་མེད་རུང་ དངུལ་ཤོག་ཅཱེཀ་ཚུ་བྱིན་ཏེ་འབད་བ་ཅིན་ ཉེས་བྱ་སྦེ་དངུལ་ཀྲམ་༣༠༠་རེ་བཀལ་ནི་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ ནངས་པ་ལས་འགོ་བཙུགས་ཏེ་ རང་གི་རྩིས་ཁྲ་ནང་ལུ་ ཏི་རུབ་ལངསམ་སྦེ་ མེད་དེ་འབད་རུང་ དངུལ་ཤོག་ཅཱེཀ་ཚུ་བྱིན་ཏེ་འབད་བ་ཅིན་ དེ་ལུ་ ཉེས་བྱ་སྦེ་དངུལ་ཀྲམ་༣༠༠་རེ་བཀལ་ནི་ཨིན་མས།

འདི་ཡང་ མི་ཚུ་གིས་ དངུལ་ཤོག་ ཅཱེཀ་འདི་ཚུ་ ལོག་སྤྱོད་འབད་མི་འདི་ མར་ཕབ་འབད་ཐབས་ལུ་དམིགས་ཏེ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་ལས་ཁང་ཚུ་ལུ་ གསལ་བསྒྲགས་འདི་ འདས་པའི་བདུན་ཕྲག་ནང་ལུ་བཏང་ནུག

དངུལ་ཁང་ཚུ་གིས་བྱིན་མི་ དངུལ་ཤོག་ ཅཱེཀ་གི་མཐུན་རྐྱེན་འདི་ མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན།

མཐུན་རྐྱེན་སྤྱོད་མི་ ལེ་ཤཱ་ཡོད་པའི་བསྒང་ལས་ དེ་དང་བསྟུན་པའི་ སྟབས་མ་བདེཝ་ཚུ་ཡང་འཐོན་དོ་ཡོདཔ་ད་ དེ་ཡང་ དངུལ་ཤོག་ ཅཱེཀ་བྱིན་མི་གི་རྩིས་ཁྲ་ནང་ལུ་ ཏི་རུབ་ལངསམ་སྦེ་ མེད་ལུ་བརྟེན་ ཅཱེཀ་བཱནསི་ཟེར་བའི་ གནས་སྟངས་བྱུང་དོ་ཡོདཔ་ཨིན།

 ད་ལས་ཕར་ དངུལ་ཤོག་ཅཱེཀ་གི་མཐུན་རྐྱེན་སྤྱོད་མི་ཚུ་གིས་ རང་སོའི་རྩིས་ཁྲ་ནང་ལུ་ ཏི་རུབ་ཉུང་ཤོས་ སྟོང་ཕྲག་༡་བཞག་དགོ་ནི་ཨིནམ་ད་ འདི་ཡང་ དགོས་མཁོ་དང་བསྟུན་ བསྐྱར་ཞིབ་འབད་ནི་ཨིན་མས།

དེ་བཟུམ་མའི་ ལམ་ལུགས་བཟོ་མི་འདི་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ལོ་༣་ལྷགཔ་ཅིག་གི་རིང་ ཞིབ་འཇུག་ཅིག་འགོ་འདྲེན་འཐབ་སྟེ་ཡོད་མི་ལུ་ གཞི་བཞག་སྟེ་ཨིན་མས།

 རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་བཀོད་མི་ནང་ ལམ་ལུགས་དེ་སྦེ་བཟོ་མི་འདི་གིས་ དངུལ་ཤོག་ཅཱེཀ་ལོག་སྤྱོད་འབད་མི་ཚུ་ ག་ར་བཀག་མི་ཚུགསཔ་འོང་ཟེར་ཨིན་མས།

ཨིན་རུང་ ལམ་ལུགས་འདི་ མི་ཚུ་ལུ་ ཏི་རུབ་མེད་རུང་ ཅཱེཀ་བཏོག་ཏེ་བྱིན་ནི་འདི་ བཙོན་ཁྲིམས་དང་ཉེས་བྱ་ཚུ་ཕོགས་པའི་ ཁྲིམས་འགལ་གྱི་ལཱ་ཨིན་པའི་སྐོར་ལས་ གོ་བརྡ་སྤེལ་ཐབས་ལུ་ཨིན་མས།