གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

བལྟ་བཤལ་ལམ་སྟོན་པ་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ཧ་གོ་དགོཔ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ རྒྱལ་ཁ་བ་ནང་ལུ་ ཕྱིའི་བལྟ་བཤལཔ་ཚུ་འོང་མི་འདི་ ནང་པའི་ཆོས་དང་ལམ་སྲོལ་ དེ་ལས་ རང་བཞིན་གནས་སྟངས་ཚུ་གི་མ་དོ་བར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ཧ་གོ་ནི་གི་དོན་ལུ་ཡང་ འོང་དོ་ཡོདཔ་ཨིན།

འདི་འབདཝ་ལས་ འབྲུག་པའི་བལྟ་བཤལ་ལམ་སྟོན་པ་ཚུ་གིས་ བལྟ་བཤལཔ་ཚུ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ གོ་བརྡ་མ་འཛོལ་བར་སྤྲོད་ནི་འདི་ ག་ནི་བ་ཁག་ཆེ་བའི་དུས་ཚོད་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན།

འདི་གི་དོན་ལུ་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ ཉིམ་གཅིག་གི་རིང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཐོག་ལུ་ ངོ་སྤྲོད་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན།

བལྟ་བཤལ་ལམ་སྟོན་པ་ཚུ་ འབྲུག་པའི་ཆོས་དང་ལམ་སྲོལ་ཚུ་ ཉམས་སྲུང་དང་གོང་འཕེལ་ དེ་ལས་ དར་ཁྱབ་བཏང་མི་ ངོ་ཚབ་ཅིག་ཨིན་མས།

འདི་འབདཝ་ལས་ རྒྱལ་ཁབ་ནང་ལུ་ཡོད་པའི་ བལྟ་བཤལ་ལམ་སྟོན་པ་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ གནས་ཚད་ཧ་ལམ་ཅིག་ ཧ་གོ་ནི་དང་ལག་ལེན་འཐབ་སྟེ་ གོང་འཕེལ་བཏང་དགོཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ བལྟ་བཤལ་ལམ་སྟོན་པའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོད་མི་དང་འབྲེལ་ སྦྱོང་བརྡར་འདི་གིས་ དམིགས་ཡུལ་གཙོ་བོ་རང་ བལྟ་བཤལཔ་ཚུ་ལུ་ བརྡ་དོན་ཕྱི་འགྱུར་སྦེ་ མི་འབྱིན་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ལྷབ་ནི་སྦེ་འོང་མི་ ཕྱིའི་བལྟ་བཤལཔ་ཚུ་ལུ་ འ་ནི་ ལམ་སྟོན་པ་༡༠༠གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ བརྡ་དོན་ཚུ་ ལེགས་ཤོམ་སྦེ་ འབྱིན་ཚུགས་ནི་ཨིན་མས།