གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྐུ་དྲུང་ལྔ་དང་ མཁན་པོ་གཅིག་ལུ་ ལེགས་དར་གནང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༨ ༢༠༡༧

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ སྐུ་དྲུང་ལྔ་དང་ མཁན་པོ་གཅིག་ལུ་ ལེགས་དར་གནང་ཡི།

མཁན་པོ་དང་སྐུ་དྲུང་ཚུ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༡༢་པའི་ལོ་གསར་དང་འབྲེལ་ སྐུ་དྲུང་ཤར་དང་ སྤ་རོའི་སྐུ་དྲུང་ མཚན་ཉིད་སྐུ་དྲུང་ཚུ་ལུ་ ལེགས་དར་གནང་ཡི།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲིས་སྒང་བཀང་ལུང་བཤད་གྲྭ་གི་ མཁན་པོ་གསརཔ་ ཤེས་རབ་ཕུན་ཚོགས་ལུ་ ལེགས་དར་གནང་ཡི།

ཤེས་རབ་ཕུན་ཚོགས་ཀྱི་ ད་རེས་ཀྱི་གོ་གནས་ཁར་མ་བསྐོས་པའི་ཧེ་མ་ བཤད་གྲྭ་འདི་ནང་ལུ་རང་ སློབ་དཔོན་སྦེ་ ཕྱག་ཞུ་སྟེ་སྡོད་ནུག

བཀྲིས་གཡང་རྩེ་ལས་ སྐྱེ་ལོ་༤༠ལང་མི་ མཁན་པོ་ ཤེས་རབ་ཕུན་ཚོགས་ཀྱིས་ ལོ་༡༣ལང་པའི་བསྒང་ལས་རང་ དགེ་སློང་ནང་འཛུལ་ནུག

འདི་བཟུམ་སྦེ་ བཀྲིས་སྒང་ལས་ཨིན་མི་ བློ་བཟང་བཀྲིས་གིས་ ད་ལས་ཕར་ བཀྲིས་སྒང་རབ་སྡེ་གི་ སྐུ་དྲུང་གསརཔ་སྦེ་ ཕྱག་ཞུ་ནི་ཨིན་མས།

སྐྱེ་ལོ་༢༥ལང་མི་ བློ་བཟང་བཀྲིས་ཀྱིས་ དརེས་ཀྱི་གོ་གནས་ཁར་ འདེམ་བསྐོས་མ་འབད་བའི་ཧེ་མ་ རབ་སྡེ་འདི་ནང་ལུ་ སློབ་དཔོན་ཅིག་སྦེ་ ཕྱུག་ཞུ་སྟེ་སྡོད་ནུག

འདི་བཟུམ་སྦེ་ སྤུ་ན་ཁ་ལུ་འབད་བ་ཅིན་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་སྐུ་ཚབ་ གཞུང་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་གྱིས་ སྐུ་དྲུང་ཤར་དང་ སྐུ་དྲུང་ཚོགས་ཆེན་ དེ་ལས་ སྐུ་དྲུང་སྤ་རོ་དང་ མཚན་ཉིད་སྐུ་དྲུང་ཚུ་ལུ་ ལེགས་དར་གནང་ཡི།

འདི་ཡང་ སྤུ་ན་ཁ་རྫོང་ཁག་ གླིང་མུ་རྒེད་འོག་ སྡོམ་པ་ལ་ལས་ ལོ་༤༢་ལངས་མི་ སྒོམ་ཆེན་ཚེ་རིང་ལུ་ སྐུ་དྲུང་ཤར་གྱི་ ལེགས་དར་གནང་ནུག

ཁོ་གིས་ ལོ་༩་ལས་ གཞུང་གྲྭ་ཚང་ནང་འཛུལ་ཡོདཔ་ད་ ད་རེས་ སྐུ་དྲུང་སྦེ་ མ་བསྐོས་པའི་ཧེ་མ་ སྤུ་ན་རྫོང་གི་དབུ་རྩེ་ནང་གི་ བསྐང་རྒྱུདཔ་སྦེ་ཕྱག་ཞུ་ནུག

ཐིམ་ཕུག་རྟ་བབ་ལས་ ལོ་༣༧་ལངས་མི་ ཀུན་ལེགས་ཚེ་རིང་འདི་ སྐུ་དྲུང་ཚོགས་ཆེན་སྦེ་བསྐོས་ཡོདཔ་ད་ ཁོ་གིས་ལོ་༡༣་ལས་ གྲྭ་ཚང་ནང་ལུ་འཛུལ་ནུག

ད་རེས་སྐུ་དྲུང་སྦེ་ མ་བསྐོས་པའི་ཧེ་མ་ བདེ་ཆེན་ཕོ་བྲང་སློབ་གྲྭ་ལྟེ་བའི་ སློབ་གོངམ་སྦེ་ཕྱག་ཞུ་ཡོདཔ་ཨིན་མས།

དེ་བཟུམ་སྦེ་ ཧཱ་རྫོང་ཁག་ སྦྱིས་རྒེད་འོག་ལས་ ལོ་༣༧་ལངས་མི་ པདྨ་ཚེ་རིང་ལུ་ སྐུ་དྲུང་སྤ་རོ་པའི་བདག་རྐྱེན་གནང་ཡོདཔ་ཨིན།

ཁོ་གིས་ ལོ་༡༡་ལས་ གཞུང་གྲྭ་ཚང་ནང་འཛུལ་ཏེ་ ད་རེས་ སྐུ་དྲུང་སྦེ་ མ་བསྐོས་པའི་ཧེ་མ་ སློབ་གྲྭའི་སློབ་དཔོན་སྦེ་ ཕྱག་ཞུ་སྡོད་ནུག

ད་རུང་ རྡོ་རྗེ་སློབ་དཔོན་གྱི་ མཚན་ཉིད་སྐུ་དྲུང་གསརཔ་ རྟ་མགྲིན་ཚེ་རིང་ལུ་ཡང་ ལེགས་དར་གནང་ཡི།

ལོ་༣༩ལངས་ཡོད་མི་ སྐུ་དྲུང་རྟ་མགྲིན་ཚེ་རིང་གིས་ ལོ་༡༥་ལས་ དགེ་སློང་ནང་འཛུལ་ཡོདཔ་ད་ ད་རེས་ཀྱི་གོ་གནས་ཁར་ མ་བསྐོས་པའི་ཧེ་མ་ སྤུ་ཁ་ན་ རྟ་ལོག་སྤང་དཀར་པོ་ལུ་ ལོ་༩་གི་རིང་མཚམས་བཅད་དེ་སྡོད་ནུག