གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

པདྨ་དགའ་ཚལ་ལུ་ གྲོགས་རམ་འབད་མི་ ཁས་བླང་སྡེ་ཚན་ཅིག་ བཟོ་སྟེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༦

༉ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ མི་རྒས་ཤོས་ སྐྱིད་སྡུག་ཕོག་སྟེ་ཡོད་མི་ཚུ་ལུ་ གྲོགས་རམ་འབད་ནི་གི་དོན་ལས་ གྲོགས་རམ་འབད་མི་ ཁས་བླང་སྡེ་ཚན་ཅིག་ བཟོ་སྟེ་ཡོདཔ་ཨིན་མས།

སྤྱི་ཟླ་འདི་གི་སྤྱི་ཚེས་༡༨ལུ་ བཟོ་སྟེ་ཡོད་མི་ ཁས་བླང་སྡེ་ཚན་འདི་གིས་ སྐྱེ་ལོ་༩༠ལང་མི་ རྡོ་རྗེ་རྒྱལ་མཚན་ལུ་ སྦ་སྒོར་ཅིག་རྐྱབ་བྱིན་ཏེ་འདུག

རྡོ་རྗེ་རྒྱལ་མཚན་འདི་ ལམ་འགྱོ་མ་ཚུགས་པའི་ཁར་ མིག་ཏོ་ཡང་མི་མཐོང་དོ་ཡོདཔ་ལས་ རྫོང་ཁག་ཁས་བླང་སྡེ་ཚན་འདི་གིས་ ཧེ་མ་རང་ ཁོ་ལུ་ ཆ་རོགས་འབད་ནི་སྦེ་ཐག་བཅད་ནུག

རྡོ་རྗེ་རྒྱལ་མཚན་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ སྐྱིད་སྡུག་ཐོབ་མི་ཅིག་ཨིན་རུང་ བལྟ་མི་ག་ཡང་མེདཔ་ཨིན་མས།

ད་རེས་ཚུན་ཚོད་ཀྱི་བར་ན་ རྡོ་རྗེ་ཁོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ལས་བརྟེན་ཏེ་ འཚོ་བ་སྐྱོང་སྟེ་སྡོད་ནུག

སྦ་སྒོར་འདི་ནང་ལུ་ ཐབ་ཚང་དང་ཆུ་བཤལ་རྐྱབ་སའི་ ཁང་མིག་ཡང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ རྡོ་རྗེ་ཁོ་ར་ སྦ་སྒོར་ནང་མ་འཛུལ་བའི་ཧེ་མ་ ཁས་བླང་སྡེ་ཚན་འདི་གིས་ སྐྱ་བཏོག་ཞིནམ་ལས་ གཟུགས་འཁྱུ་སྟེ་བྱིན་ནུག

རྫོང་ཁག་སྐྱིད་སྡུག་འགོ་དཔོན་ ཀརྨ་འཇིགས་མེད་ཀྱིས་སླབ་མི་ནང་ སྦ་སྒོར་འདི་ཡང་ གདན་ཅི་ལས་འགུལ་དང་ རྫོང་ཁག་ཤེས་རིག་ལས་ཚན་ དེ་ལས་ རྫོང་ཁག་ཁས་བླང་ཚོགས་པའི་འཐུས་མི་ཚུ་གི་ མ་དངུལ་རྒྱབ་སྐྱོར་ལས་བརྟེན་ཏེ་རྐྱབ་ཡོདཔ་ཨིན་མས།

རྫོང་ཁག་སྐྱིད་སྡུག་འགོ་དཔོན་ ཀརྨ་འཇིགས་མེད་ཀྱིས་སླབ་མི་ནང་ སྡེ་ཚན་འདི་གིས་ གོ་སྐབས་མ་ཐོབ་མི་ མི་ཉམས་ཆུང་ཚུ་ལུ་ གྲོགས་རམ་ཚུ་ འཕྲོ་འཐུད་དུ་རང་འབད་འོང་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ སྐྱིད་སྡུག་ཐོབ་སྟེ་ཡོད་མི་ཚུ་ལུ་ གྲོགས་རམ་འབད་ནི་གི་དོན་ལས་ ས་གནས་གཞུང་གི་འགོ་འཁྲིདཔ་ཚུ་ལས་ རྒྱབ་སྐྱོར་ལེན་ཏེ་ སྐྱིད་སྡུག་ངེས་ཏིག་ཕོག་སྟེ་ཡོད་མི་ཚུ་ ངོས་འཛིན་འབད་ནི་ཟེར་ཨིན།