གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྕམ་མཁར་ཁྲོམ་མེ་རྐྱེན་བྱུང་ས་ལུ་ གཟིགས་ཞིབ་གནང་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༠ ༢༠༡༦

༉ བུམ་ཐང་ལྕམ་མཁར་ཁྲོམ་ཁ་ལུ་ མེ་རྐྱེན་བྱུང་མི་འདི་ གཟིགས་ཞིབ་གནང་ནི་གི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཁ་ཙ་དྲོ་པ་ བུམ་ཐང་ལུ་ ཕེབས་གནང་སྟེ་ཡོདཔ་ཨིན།

བུམ་ཐང་ལྕམ་མཁར་ཁྲོམ་ཁ་ལུ་ མེ་རྐྱེན་འདི་ཡང་ ཁ་ཉིནམ་ཕྱི་རུ་ཆུ་ཚོད་༨་དང་སྐར་མ་༤༠་དེ་ཅིག་ཁར་ བྱུང་སྟེ་ཡོདཔ་ད་ རྐྱེན་ངན་འདི་ནང་ལུ་ ཚོང་ཁང་༢༣་ཡོད་པའི་ཁྱིམ་༦་འཚིགས་ནུག

མེ་རྐྱེན་འདི་ཡང་ སྨན་བཙོང་སའི་ཚོང་ཁང་གི་ཐབ་ཚང་ནང་ལས་བྱུང་ཡོད་པའི་དོགས་པ་ཡོད་རུང་ གཏན་གཏན་ཅིག་སྦེ་ སླབ་མི་ཤེས་དོ་ཡོདཔ་ཨིན་མས།

རྐྱེན་ངན་འདི་ནང་ལུ་ མི་ལུ་ཤི་རྐྱེན་དང་རྨ་སྐྱོན་ཚུ་ ག་ནི་ཡང་མ་བྱུང་རུང་ མི་ཚུ་གི་རྒྱུ་དངོས་མང་ཤོས་ཅིག་རང་ འཚིགས་ནུག

མེ་འདི་ཡང་ ཁྲིམས་སྲུང་འགག་པ་དང་བདེ་བསྲུངཔ་ ཚོང་པ་དང་ཞི་གཡོགཔ་ དེ་ལས་ དགེ་སློང་ཚུ་རྩིས་ཏེ་ ཁས་བླངས་པ་ཚུ་གིས་ ཕྱི་རུ་ཆུ་ཚོད་༡༡་དེ་ཅིག་ཁར་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ་ད་ ཉམས་རྒུད་བྱུང་མི་བཟའ་ཚང་ཚུ་ལུ་ རྫོང་ཁག་གིས་ མཁོ་ཆེ་བའི་ཅ་ཆས་ཚུ་གྲོགས་རམ་འབད་ནུག

བུམ་ཐང་ལྕམ་མཁར་ཁྲོམ་ཁ་ལུ་ སྤྱི་ལོ་༢༠༡༠་ལས་ད་ལྟོ་ཚུན་ཚད་ མེ་རྐྱེན་ཚར་བཞི་བྱུང་སྟེ་ཡོདཔ་ད་ འདི་ཡང་ སྤྱི་ལོ་༢༠༡༠་ལུ་ཚར་གཅིག་དང་ སྤྱི་ལོ་༢༠༡༡་ལུ་ ཚར་༢་བྱུང་ཡོདཔ་ཨིན་མས།