གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

རྫོང་ཁའི་རྩ་གཞུང་ནང་ལུ་ ཧེ་མ་བཟུམ་སྦེ་ རྣམ་མཐར་དང་ལེགས་བཤད་ཚུ་བཙུགས་དགོ་པའི་རྒྱབ་སྣོན།

སྤྱི་ཟླ་༡༡ པའི་ཚེས་ ༢༩ ༢༠༡༦

nc-deliberated-on-strengthening-curriculum-to-promote-dzongkha༉ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ལས་ཕར་ རྫོང་ཁ་ཡར་དྲག་བཏང་ནི་གི་དོན་ལས་ རྫོང་ཁའི་རྩ་གཞུང་ནང་ལུ་ ཧེ་མ་བཟུམ་སྦེ་ རྣམ་མཐར་དང་ལེགས་བཤད་ཚུ་ ལོག་སྟེ་རང་བཙུགས་དགོཔ་འདུག་ཟེར་ཨིནམ་མ་ཚད་ རྒྱལ་རབས་ཀྱི་ཆོས་ཚན་འདི་ཡང་ ལོག་སྟེ་རང་ རྫོང་ཁའི་ཐོག་ལུ་ བཟོ་དགོཔ་འདུག་ཟེར་ཨིན་མས།

འདི་ཡང་ རྒྱལ་ཡོངས་ཚོགས་སྡེ་གི་ དམིགས་གསལ་ཤེས་རིག་ཚོགས་ཆུང་གི་ རྒྱབ་སྣོན་ཚུ་གི་གྲལ་ལས་ ཅིག་ཨིན་མས།

ཚོགས་ཆུང་འདི་གིས་ཞུ་མི་ནང་ རྫོང་ཁ་འདི་ སློབ་རིམ་༩་པ་རྫོགས་པའི་བསྒང་ལས་ རྩ་བའི་ཆོས་ཚན་གྱི་གྲངས་སུ་ཡང་ མ་ཚུད་པར་འདུག་ཟེར་ཨིན་མས།

འདི་འབདཝ་ལས་ རྫོང་ཁའི་ཆོས་ཚན་འདི་ཡང་ རྩ་བའི་ཆོས་ཚན་ནང་ལུ་ བཙུགས་དགོ་པའི་འོས་བབས་ཚུ་བལྟ་ནི་འདི་ ཁག་ཆེ་བས་ཟེར་ཞུ་ཡི།

ད་རུང་ ཚོགས་ཆུང་གི་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་རབ་འདི་ ཚར་ཅིག་ མོ་བཏབ་ཀྱི་ཐོག་ལས་ རྫོང་ཁ་ནང་ལུ་སྟོན་ཡོདཔ་ཨིན་རུང་ ཁྱད་རིག་གི་གནད་དོན་ལས་བརྟེན་ཏེ་ བཤོལ་བཞག་ནུག་ཟེར་ཨིན་མས།

འབྲུག་གི་རྒྱལ་རབ་འདི་ རྒྱལ་ཡོངས་ཀྱི་སྐད་ཡིག་རྫོང་ཁ་ནང་ལུ་རང་སྟོན་པ་ཅིན་ ལམ་སྲོལ་དང་འཁྲིལ་རུང་ འོས་བབས་ཡོདཔ་མ་ཚད་ འདི་གིས་ འབྲུག་པའི་བརྩི་མཐོང་ཤེས་ཡོན་ཚུ་སྤེལ་ནི་ནང་ལུ་ཡང་ ཕན་ཐོག་འབྱུང་འོང་ཟེར་ཞུ་ཡི།

ད་རུང་ དམིགས་གསལ་ཤེས་རིག་ཚོགས་ཆུང་གིས་ མི་སྡེའི་ཆོས་ཚན་དང་སི་བིཀས་འདི་ཡང་ མོ་བཏབ་ཀྱི་ཐོག་ལས་ རྫོང་ཁ་ནང་ལུ་ སྟོན་དགོ་པའི་རྒྱབ་སྣོན་ཕུལ་ནུག

རྒྱབ་སྣོན་འདི་ཚུ་ ད་རུང་རང་ ཚོགས་ཆུང་གི་འཐུས་མི་དང་ གཞན་མི་འཐུས་མི་ཚུ་དང་ཅིག་ཁར་ གྲོས་བསྟུན་ཚུ་འབད་ནི་ཨིན་མས།