གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

འབྲུག་རྒྱལ་ཁབ་ཀྱིས་ ཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལུང་ཕྱོགས་ཀྱི་ཞལ་འཛོམས་ནང་ལུ་ གྲལ་ཁར་གཏོགས་མི་ཚུགས་ནི་ཨིནམ་སྦེ་བཤད་དེ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༦

bhutan-expresses-its-inability-to-participate-in19th-saarc-summit༉ འབྲུག་རྒྱལ་ཁབ་ཀྱིས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་དག་པ་ཅིག་དང་ཅིག་ཁར་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་མི་ ལུང་ཕྱོགས་ཀྱི་ཞལ་འཛོམས་འདི་ནང་ལུ་ གྲལ་ཁར་གཏོགས་མི་ཚུགས་ནི་ཨིནམ་སྦེ་ བཤད་དེ་ཡོདཔ་ཨིན།

འབྲུག་གཞུང་གིས་ ཞལ་འཛོམས་འདི་ནང་ གྲལ་ཁར་གཏོགས་མི་ཚུགས་ནི་ཨིནམ་སྦེ་ ད་རེས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཁྲི་འཛིན་ཨིན་མི་ བལ་བུ་གཞུང་ལུ་ གཟའ་ལྷགཔ་གི་ཚེ་ སྙན་ཞུ་ཕུལ་ཏེ་འདུག

ཕྱི་འབྲེལ་ལྷན་ཁག་ནང་ལས་ གནས་ཚུལ་གསར་བཏོན་གཅིག་དང་འཁྲིལཔ་ད་ ལུང་ཕྱོགས་ནང་ལུ་ སྲུང་སྐྱོབ་ཀྱི་གནས་སྟངས་ མར་ཉམས་འགྱོ་མི་ལུ་བརྟེན་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཞལ་འཛོམས་ཐེངས་༡༩་པ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགོ་འདྲེན་འཐབ་ནི་གི་ གནས་སྟངས་གཅིག་ མིན་འདུག་ཟེར་བཀོད་ནུག

ཞལ་འཛོམས་འདི་ སྤྱི་ཟླ་༡༡་པའི་ནང་ པ་ཀིས་ཏཱན་གྱི་རྒྱལ་ས་ ཨིས་ལ་མ་བཱད་ལུ་སྦེ་ ཚོགས་ནི་འབད་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་བཟུམ་སྦེ་ འཐུས་མི་རྒྱལ་ཁབ་གཞན་ རྒྱ་གར་དང་ ཨཕ་ག་ནིས་ཏཱན་ དེ་ལས་ བང་ལ་དེཤ་ཚུ་གིས་ཡང་ སྲུང་སྐྱོབ་ཀྱི་དོན་དག་ལུ་བརྟེན་ ཞལ་འཛོམས་འདི་ནང་ གྲལ་ཁར་མི་གཏོགས་ནི་སྦེ་ཐག་བཅད་ནུག

ད་རུང་ གནས་ཚུལ་གསར་བཏོན་དང་འཁྲིལཔ་ད་ འབྲུག་རྒྱལ་ཁབ་འདི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ གཞི་བཙུགས་འབད་མི་འཐུས་མི་ཅིག་འབདཝ་ལས་ ཚོགས་པ་གི་བྱ་རིམ་དང་ ལུང་ཕྱོགས་ཀྱི་མཉམ་འབྲེལ་ རྒྱ་བསྐྱེད་བཏང་ནི་ལུ་ ཁས་ལེན་སྒྲིང་སྒྲིང་ཡོད་ཟེར་བཀོད་ནུག

དེ་འབདཝ་ལས་ གཞུང་གི་ཁ་ཐུག་ལས་ གནས་སྟངས་འདི་ ཨ་རྟགས་ཧ་ལུགས་འགྱོ་སྟེ་སྦེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཞལ་འཛོམས་ཐེངས་༡༩་པ་འདི་ སྟབས་མ་བདེཝ་ག་ནི་ཡང་མེད་པར་ འགོ་བཙུགས་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་དབུ་ཁྲིད་ཞལ་འཛོམས་འདི་ནང་ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་འཐུས་མི་རྒྱལ་ཁབ་༨་ཀྱིས་ བཅའ་མར་གཏོགསཔ་ཨིན་མས།

འཐུས་མི་རྒྱལ་ཁབ་ཚུ་ཡང་ ཨཕ་ག་ནིས་ཏཱན་དང་འབྲུག་ བང་ལེ་དེཤ་དང་རྒྱ་གར་ མཱལ་དིབས་དང་སྦལ་བུ་ པ་ཀིས་ཏཱན་དང་ ཤི་རི་ལང་ཀ་ཚུ་ཨིན་མས།