གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༠༩་ལས་༢༠༡༣་ཚུན་ཚོད་ཀྱི་ རྩིས་ཞིབ་ཀྱི་གནད་དོན་ བསྣར་བཞག་སྦེ་ལུས་ཏེ་ཡོད་མི་ཚུ་ གཅིག་ཡང་སེལ་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༦

MoLHR-AuditIssues༉ ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༠༩་ལས་༢༠༡༣་ཚུན་ཚོད་ཀྱི་ རྩིས་ཞིབ་ཀྱི་གནད་དོན་ བསྣར་བཞག་སྦེ་ ལུས་ཏེ་ཡོད་མི་ ཕུད་རྡོ་ཅིག་ཡང་ སེལ་མ་ཚུགསཔ་ཨིན་མས།

ལྷན་ཁག་ལུ་ རྩིས་ཞིབ་ཀྱི་གནད་དོན་ བསྣར་བཞག་༥་ཡོདཔ་ཨིན་མས།

ཁ་ཙ་ སྤྱི་ཚོགས་ཀྱི་ དམངས་རྩིས་ཚོགས་ཆུང་དང་ཅིག་ཁར་ སྙན་གསན་འགོ་འདྲེན་འཐབ་པའི་སྐབས་ ལས་གཡོག་ལྷན་ཁག་གིས་ རྩིས་ཞིབ་ཀྱི་གནད་དོན་ཚུ་ སེལ་མ་ཚུགས་མི་འདི་ཡང་ གནད་དོན་ལ་ལོ་ཅིག་ནང་ འབྲེལ་བ་ཡོད་མི་ཚུ་ ག་སོང་མེདཔ་སྦེ་འགྱོ་མི་དང་ ལ་ལོ་ཅིག་གི་ཐད་ཁར་ རྩིས་ཁྲ་གི་ལམ་ལུགས་སོ་མི་ལས་བརྟེན་ཏེ་ སྟབས་མ་བདེཝ་འཐོན་ཏེ་ཡོདཔ་སྦེ་ཨིན་མས།

དམངས་རྩིས་ཚོགས་ཆུང་གི་རྒྱབ་སྣོན་དང་འཁྲིལ་ ལྷན་ཁག་གིས་ དངུལ་རྩིས་ལྷན་ཁག་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ཚུ་དང་ བསྟུན་གྲོས་འབད་དེ་ ཤུལ་མའི་སྤྱི་ཚོགས་ཀྱི་ཧེ་མ་ལས་ གནད་དོན་ཚུ་སེལ་དགོ་ནི་ཨིན་མས།

ལོ་བསྟར་རྩིས་ཞིབ་ཀྱི་སྙན་ཞུ་དང་འཁྲིལཔ་ད་ ལས་གཡོག་ལྷན་ཁག་གི་ སྤྱི་ལོ་༢༠༠༩་ལས་༢༠༡༣་ཚུན་ཚོད་ རྩིས་ཞིབ་ཀྱི་གནད་དོན་ སེལ་མ་ཚུགས་པར་ལུས་མི་ཚུ་ དངུལ་ཀྲམ་ས་ཡ་༡༡་ལྷགཔ་ཅིག་ཡོདཔ་སྦེ་ཨིན་མས།

དེ་བཟུམ་སྦེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལུ་ སྤྱི་ལོ་༢༠༡༡་ལས་༢༠༡༣་ཚུན་ཚོད་ རྩིས་ཞིབ་ཀྱི་གནད་དོན་ བསྣར་བཞག་སྦེ་ལུས་མི་༨་ཡོད་ས་ལས་ གཅིག་རྐྱངམ་ཅིག་སེལ་ཚུགས་ཏེ་ཡོདཔ་ཨིན་མས།

མ་དངུལ་གྱི་ཐད་ལུ་འབད་བ་ཅིན་ དངུལ་ཀྲམ་འབུམ་༧་ལྷགཔ་ཅིག་ཡོདཔ་ཨིན་མས།

དམངས་རྩིས་ཚོགས་ཆུང་གིས་ ལྷན་ཁག་ལུ་ གནད་དོན་ལྷག་ལུས་ཚུ་ ག་དེ་མགྱོགས་མགྱོགས་ སེལ་དགོཔ་སྦེ་སླབ་ཡོདཔ་ཨིན།

དམངས་རྩིས་ཚོགས་ཆུང་འདི་ཡང་ དཔལ་འབྱོར་ཡར་དྲག་བཏང་ནི་དང་ མི་དམངས་ཀྱི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་ནི་དང་ དྭངས་སེལ་དང་འགན་ཁྲིད་ ངེས་བདེན་བཟོ་ཐབས་ལུ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ གཞི་བཙུགས་འབད་ཡོདཔ་ཨིན།