གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

རྒྱལ་ཁབ་ནང་ལུ་ འཁོར་ལམ་བསུབ་སྟེ་ཡོད་མི་ མང་ཤོས་ཅིག་རང་ སེལ་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༩ ༢༠༡༦

WangkhaRoadCLeared༉ རྒྱལ་ཁབ་ནང་ལུ་ འཁོར་ལམ་བསུབ་སྟེ་ཡོད་མི་ ལམ་ཁག་མང་ཤོས་ཅིག་རང་ ཁ་ཙ་ སེལ་ཚུགས་ཏེ་ཡོདཔ་ཨིན།

འཁོར་ལམ་ཚུ་ཡང་ འདས་པའི་བདུན་ཕྲག་གཅིག་དེ་ཅིག་གི་རིང་ ཆརཔ་མ་ཆད་པར་རང་རྐྱབ་མི་ལུ་བརྟེན་ ཆུ་རུད་དང་ ས་རུད་ཆད་དེ་སྦེ་ བསུབ་ཡོདཔ་ཨིན།

ཕུན་ཚོགས་གླིང་ལས་ ཐིམ་ཕུག་ཁ་ཐུག་ ཀི་ལོ་མི་ཀྲར་༨༠་དེ་ཅིག་གི་ས་གནས་ ཝང་ཁ་ལུ་ ལམ་བསུབ་སྟེ་ཡོད་མི་འདི་ ཁ་ཙ་ སེལ་ཚུགས་ཏེ་སྦེ་འདུག

ཨིན་རུང་ དྲཱན་ཀྲག་གི་ ལས་འགུལ་འགོ་དཔོན་ཚུ་གིས་སླབ་མི་ནང་ ས་གནས་འདི་ཁར་ ལམ་བལྟག་ལས་མར་ རུད་ཆད་ནི་གི་ཉེན་ཁག་ཡོདཔ་ལས་ སྣུམ་འཁོར་ཚུ་ རེ་རེ་གཉིས་གཉིས་འབད་མ་བཏང་པར་ སྡེ་ཚན་སྦེ་བཏང་དོ་ཡོདཔ་ཨིན་མས།

རྒྱལ་ཁབ་ཀྱི་ དབུས་ཕྱོགས་ས་གནས་ཚུ་ནང་ལུ་འབད་བ་ཅིན་ ཀྲོང་གསར་དང་བུམ་ཐང་གི་བར་ན་ ལམ་བསུབ་སྟེ་ཡོད་མི་འདི་ ཁ་ཙ་དྲོ་པ་ སེལ་ཚུགས་ཡོདཔ་ཨིན་མས།

འདི་འབདཝ་ལས་ ཐིམ་ཕུག་ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལུ་ བརྒྱུན་འགྲུལ་འཐབ་མི་ མི་དམངས་བསྐྱེལ་འདྲེན་བཱསི་༤་ ཁ་ཙ་ བུམ་ཐང་ལུ་ལྷོད་དེ་ཡོདཔ་ཨིན།

ཨིན་རུང་ ཉེན་སྲུང་གི་དོན་ལས་ བསྐྱེལ་འདྲེན་བཱསི་ཚུ་ བུམ་ཐང་ལུ་རང་སྡོད་ནི་ཨིན་མས།

ད་རུང་ ལམ་སེལ་ལས་ཁུངས་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ བྱང་ཤར་དང་ནུབ་ཕྱོགས་ཀྱི་ས་གནས་ཚུ་ནང་ལུ་ ལམ་དུམ་གྲ་རེ་བསུབ་སྟེ་ཡོད་རུང་ སྣུམ་འཁོར་ཚུ་ བརྒྱུན་འགྲུལ་འཐབ་སྟེ་རང་ཡོད་ཟེར་བཤད་ཅི།BedilumRoadCleared

འདི་བཟུམ་སྦེ་ དར་དཀར་ན་རྫོང་ཁག་ ཅེ་ལྔ་ལ་དང་ བི་དི་ལུངམ་ལུ་ འཁོར་ལམ་བསུབ་སྟེ་ཡོད་མི་འདི་ སེལ་ནི་གི་དོན་ལས་ ལམ་སེལ་ལས་ཁུངས་ཀྱིས་ ཉིམ་༤འཕྲོ་འཐུད་དེ་རང་ ལཱ་འབད་བའི་ཤུལ་ ཁ་ཙ་ སེལ་ཚུགས་ཏེ་སྦེ་འདུག

ཨིན་རུང་ ལམ་སེལ་འགོ་དཔོན་ཚུ་གིས་སླབ་མི་ནང་ ད་རུང་ར་ ཆརཔ་རྐྱབ་པ་ཅིན་ ས་གནས་བི་དི་ལུངམ་ལུ་ རུད་ཆད་ནི་གི་ཉེན་ཁག་འདུག་ཟེར་བཤད་ཅི།

བི་དི་ལུངམ་ཟེར་མི་ས་གནས་འདི་ཡང་ དར་དཀར་ན་ལས་ ཀི་ལོ་མི་ཀྲར་༤༩་གི་ས་ཁར་ཡོདཔ་ཨིན་མས།

གཞལ་སྒང་རྫོང་ཁག་ བཱན་སྦ་ལུ་ གློག་མེའི་བརྒྱུད་ལམ་ མེདཔ་བཏང་སྟེ་ཡོད་མི་ལུ་བརྟེན་ གློག་མེའི་བཀྲམ་སྤེལ་མེད་པར་ བདུན་ཕྲག་གཅིག་དེ་ཅིག་འགྱོ་བའི་ཤུལ་ ཁ་ཙ་ ཉམས་བཅོས་འབད་ཚུགས་ཏེ་སྦེ་འདུག

ད་རེས་ ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་༣གྱི་ནང་ལུ་ འཁོར་ལམ་བསུབ་སྟེ་ཡོད་མི་ཚུ་ སེལ་ནི་གི་དོན་ལས་ བཟོ་རིག་འགོ་དཔོན་ སྡེ་ཚན་༣བགོ་བཀྲམ་འབད་དེ་ཡོདཔ་ཨིན།