གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

རྒྱལ་ཁབ་ནང་ལུ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་འདི་ ཚ་འགྱང་ཆེ་བའི་གནད་དོན་ཅིག་སྦེ་ར་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༡ ༢༠༡༦

StrictWatseImplementation༉ རྒྱལ་ཁབ་ནང་ལུ་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ ཁྲིམས་ལུགས་འདི་ཚུ་ཡོད་དེ་འབད་རུང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་འདི་ ཚ་འགྱང་ཆེ་བའི་གནད་དོན་ཅིག་སྦེ་ར་ཡོདཔ་ཨིན་མས།

དེ་འབདཝ་ལས་བརྟེན་ཏེ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་ལུ་ ཁྲིམས་ལུགས་འདི་ཚུ་ ལག་ལེན་འཐབ་ནི་གི་ནང་ ལཱ་དང་འགན་ཁུར་ ག་ཅི་ར་ཡོདཔ་ཨིན་ན་ འདས་པའི་བདུན་ཕྲག་ནང་ ཡི་གུ་ཅིག་བཏང་ཡོདཔ་ཨིན་མས།

རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་བཀོད་མི་ནང་ འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་གིས་ བཅའ་ཁྲིམས་དང་སྒྲིག་གཞི་འདི་ཚུ་ ལག་ལེན་འཐབ་ནི་ནང་ དམ་དམ་འབད་དགོཔ་འདུག་ཟེར་ཨིན་མས།

ལྷན་ཚོགས་ཀྱིས་ འདྲན་འཚོར་གྱི་ཡི་གུ་འདི་ ཁྲོམ་སྡེ་དང་ གསོ་བ་ བལྟ་བཤལ་དང་ སྐྱེལ་འདྲེན་ དེ་ལས་ ཁྲིམས་སྲུང་འགག་སྡེ་ལ་སོགས་པའི་ ལས་སྡེ་༡༧ལུ་ བཏང་ཡོདཔ་ཨིན་མས།

ཐིམ་ཕུག་ཁྲོམ་སྡེ་གིས་བཀོད་མི་ནང་ ཁོང་གི་ཁ་ཐུག་ལས་ དང་པ་ར་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ ཞབས་ཏོག་འདི་ཚུ་ རྒྱ་སྐྱེད་བཏང་ནི་ལུ་ གཙོ་བོར་བཏོན་ཡི་ཟེར་ཨིན་མས།

ཐིམ་ཕུག་ཁྲོམ་སྡེ་གིས་ ཕྱགས་སྙིགས་བཀང་མི་ཚུ་ལུ་ ཉེས་བྱ་བཀལ་ནི་གི་དོན་ལས་ ནགས་ཚལ་ནང་ལུ་ ས་བཤལ་འབད་མི་ ནགས་ཚལ་འགོ་དཔོན་ཚུ་ལུ་ དབང་ཚད་བྱིན་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་བཀོད་མི་ནང་ ཁོང་གི་ཁ་ཐུག་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ཁྲིམས་ལུགས་འདི་ འཐུད་ཤོར་མེད་པ་སྦེ་ར་ ལག་ལེན་འཐབ་ཏེ་ཡོད་ཟེར་བཤད་ཅི།

དུས་ཅི་ར་ སྤྱི་ཟླ་༦པ་ཚུན་ཚོད་ཀྱི་ནང་འཁོད་ལུ་ ཕྱགས་སྙིགས་དང་འབྲེལ་བའི་ ཁྲིམས་འགལ་གྱི་ལཱ་འབད་མི་ཚུ་ལས་ དངུལ་ཀྲམ་སྟོང་ཕྲག་༨དེ་ཅིག་ ཉེས་བྱ་ལེན་ཏེ་ཡོད་ཟེར་ཨིན་མས།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ལུ་འབད་རུང་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ བལྟ་བརྟོག་ལམ་ལུགས་འདི་ ལེགས་ཤོམ་འགྱོ་སྟེ་ཡོདཔ་ཨིན་མས།

འདི་ཡང་ ན་ཧིང་བཟུམ་ཅིག་འབད་བ་ཅིན་ ཕྱགས་སྙིགས་དང་འབྲེལ་བའི་ ཁྲིམས་འགལ་གྱི་ལཱ་ཚུ་ལས་བརྟེན་ཏེ་ ཉེས་བྱ་དངུལ་ཀྲམ་སྟོང་ཕྲག་༢༠དེ་ཅིག་ བསྡུ་ཡོདཔ་ཨིན་རུང་ དུས་ཅི་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཉེས་བྱ་ དངུལ་ཀྲམ་སྟོང་ཕྲག་༢ལྷགཔ་ཅིག་ལས་འགལ་ མ་བསྡུཝ་ཨིན་མས།

འདི་བཟུམ་སྦེ་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ཁྲོམ་ནང་འཁོད་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་ལམ་ལེགས་འདི་ ལེགས་ཤོམ་བཟོ་ནི་གི་དོན་ལས་ མི་མང་དང་སྒེར་སྡེ་མཉམ་འབྲེལ་གྱི་ལས་རིམ་ཅིག་ འགོ་བཙུགས་ནི་ལུ་ ལཱ་ཚུ་འབད་དོ་ཡོདཔ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་འདི་ ཕྱགས་སྙིགས་སྔོན་འགོག་དང་འཛིན་སྐྱོང་གི་བཅའ་ཁྲིམས་༢༠༠༩ཅན་མ་དང་ ཕྱགས་སྙིགས་སྔོན་འགོག་དང་འཛིན་སྐྱོང་གི་སྒྲིག་གཞི་༢༠༡༢ཅན་མ་ དེ་ལས་ རྒྱལ་ཡོངས་གཅིག་བསྒྲིལ་ཕྱགས་སྙིགས་འཛིན་སྐྱོང་ཐབས་ཤེས་ ༢༠༡༤ཅན་མ་ཚུ་གི་ཐོག་ལས་ དབང་བཟུང་འབད་དེ་ཡོདཔ་ཨིན་མས།