གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

རྫོང་ཁག་ཚུ་གི་དཔལ་འབྱོར་གོང་འཕེལ་འདི་ ད་ལས་ཕར་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ཀྱིས་ བརྟག་ཞིབ་འབད་ནི་ཨིནམ།

སྤྱི་ཟླ་༤ པའི་ཚེས་ ༢༧ ༢༠༡༦

DzongdaConference༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ རྫོང་བདག་ཚུ་གི་ ལོ་བསྟར་ཞལ་འཛོམས་ཚོགས་ས་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ ད་ལས་ཕར་ རྫོང་ཁག་རེ་རེ་བཞིན་དུ་གི་ དཔལ་འབྱོར་གོང་འཕེལ་འདི་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ཀྱིས་ བརྟག་ཞིབ་འབད་འོང་ཟེར་གསུང་ཡི།

བློན་ཆེན་གྱིས་གསུང་མི་ནང་ དུས་ཅི་ལས་འགོ་བཙུགས་ཏེ་ རྫོང་བདག་ཚུ་གིས་ རང་སོའི་རྫོང་ཁག་ནང་གི་ དཔལ་འབྱོར་གོང་འཕེལ་གྱི་ གནས་ཚད་ཚུ་ ཐོ་བཀོད་བཞག་དགོ་ཟེར་ཨིནམ་ད་ འདི་གི་དོན་ལས་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་ཅིག་ཁར་ཡང་ ཁ་སླབ་སྟེ་ཡོད་ཟེར་ཨིན་མས།

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ རྫོང་ཁག་ཚུ་ནང་ལས་ཕར་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་མི་གཙོ་བོ་ར་ སོ་ནམ་དང་སྒོ་ནོར་ཚུ་ཨིན་ཟེར་གསུང་ཡི།

བློན་ཆེན་གྱིས་ རྫོང་བདག་ཚུ་ལུ་ ནང་འདྲེན་མར་ཕབ་འབད་ནི་དང་ ཚོང་ལཱ་གོང་འཕེལ་ དེ་ལས་ བལྟ་བཤལ་གྱི་གོ་སྐབས་ཚུ་ ཡར་དྲག་བཏང་དགོཔ་སྦེ་གསུང་ཡི།

འདི་བཟུམ་སྦེ་ རྫོང་བདག་ཚུ་གིས་ ད་ལས་ཕར་ ཁོང་རའི་རྫོང་ཁག་འོག་གི་ སློབ་གྲྭ་ལྟེ་བ་རེ་རེ་ དམིགས་བསལ་གྱི་ཐོག་ལས་ བདག་འཛིན་འཐབ་བཞིན་ན་ དཔེ་བལྟ་བཏུབ་ཅིག་སྦེ་བཟོ་དགོ་ནི་ཨིན་མས།

བློན་ཆེན་གྱིས་འབད་བ་ཅིན་ རྫོང་བདག་ཚུ་གིས་ རྫོང་ཁག་གི་སློབ་གྲྭ་ག་ར་ སྟབས་ཅིག་ཁར་ བདག་འཛིན་འབད་བ་ལུ་ ལཱ་ཁག་བཏང་ནི་ཨིནམ་ལས་ དམིགས་གསལ་གྱིས་ སློབ་གྲྭ་གཅིག་ལུ་ གཙོ་བོར་བཟུང་དགོཔ་འདི་ ཁག་ཆེ་ཟེར་གསུང་ཡི།

ད་རུང་ ཞལ་འཛོམས་འདི་ནང་ལུ་ རྫོང་ཁག་ཚུ་ནང་ལས་ཕར་ མི་སྟོབས་གོང་འཕེལ་བཏང་ནི་དང་ སོ་ནམ་ཞིང་ལམ་འདི་ཚུ་ ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་ནི་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་དགོ་པའི་ གྲོས་འཆར་གསུང་ཡི།